རང་ལྡང་གི་དོན་ལུ་ ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ལུ་རྒྱབ་སྐྱོར།

༉ ལོ་ངོ་༢ དེ་ཅིག་གི་ཧེ་མར་ སོ་ནམ་ལྷན་ཁག་གི་འོག་ལུ་ཡོད་མི་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་འདུན་དབང་འཛིན་གྱིས་ རྒྱ་གར་ལས་ ཚོད་བསྲེ་སྲནམ་ཅུམ་དང་ མེ་ཏོག་ཀོ་པི་ དེ་ལས་ ཨེ་མ་ནང་འདྲེན་འབད་ནི་ཚུ་ བཀག་དམ་འབད་མི་དེ་ཡང་ ཚོད་བསྲེ་དེ་ཚུ་ནང་ འབུབ་སྨན་དང་ རྫས་སྦྱོར་ཚུ་ ཡོད་མི་ལུ་བརྟེན་ཨིན་མས།

ནང་འདྲེན་བཀག་དམ་འབད་མི་དེ་ཡང་ འབྲུག་གི་ཉོ་སྤྱོདཔ་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་ཡོད་ནི་དེ་གིས་ཨིནམ་ལས་ འཕྲོད་བསྟེན་ལུ་ ཚ་གྱང་ཡོད་མི་དང་ རྫས་སྦྱོར་སླ་བསྲེས་མེད་པའི་ ཚོད་བསྲེའི་རིགས་ཚུ་ བཟའ་སྤྱོད་འབད་མི་ཚུ་གི་ ཁ་ཐུག་ལས་ ངོས་ལེན་ལེགས་ཤོམ་འབད་བའི་ མངོན་གསལ་བྱུང་ཡི།

ནང་འདྲེན་བཀག་དམ་འབད་བའི་ཤུལ་ལས་ སོ་ནམ་པ་ཚུ་ལུ་ སེགས་ཤུགས་བྱུང་སྟེ་ ཚོད་བསྲེ་འཛུགས་སྐྱོང་འབད་མི་ ཡར་སེང་སོང་ཡོདཔ་ལས་ འོང་འབབ་ལུ་ ལྷན་ཐབས་སྦོམ་བྱུང་ནུག།

ཨིན་རུང་ ཚོད་བསྲེ་ཉོ་མི་ཚུ་གིས་ ནང་འཁོད་ཀྱི་ ཚོད་བསྲེ་ཚུ་ གོང་ཚད་མཐོ་དྲགས་པས་ཟེར་ ཉོགས་བཤད་བཀོདཔ་མ་ཚད་ ལ་ལོ་གིས་འབད་བ་ཅིན་ འཕྲོག་བཅོམ་འབད་དོ་བཟུམ་མའི་ ཚོར་སྣང་བྱུངམ་ཨིན་རུང་ བྱ་ཐབས་མེད་པར་ ཉོ་དགོ་པས་ཟེར་ཨིན་མས།

ཐིམ་ཕུག་སོ་ནམ་བརྒྱ་འཁོར་ཚོང་ཁང་ནང་ ནང་འཁོད་ཀྱི་ ཚོད་བསྲེའི་རིགས་ མང་ཤོས་ར་ སྤུ་ན་ཁ་དང་་དབང་འདུས་ཕོ་བྲང་ རྩི་རང་རྫོང་ཁག་ཚུ་ནང་ལས་ འབག་འོངམ་ཨིན་མས།

ནང་འཁོད་ལས་ཐོན་མི་ ཚོད་བསྲེའི་གོང་ཚད་ཚུ་ མཐོ་དྲགས་མི་ལུ་བརྟེན་ ཚོད་བསྲེ་བཙོང་མི་ ལ་ལོ་ཅིག་གིས་ རྒྱ་གར་ལས་ ཨེ་མ་དང་ སྲནམ་ཅུམ་ མེ་ཏོག་ཀོ་པི་ཚུ་ ཚུལ་མིན་གྱི་སྒོ་ལས་ ནང་འདྲེན་འབད་དེ་ བཙོང་དོ་ཡོདཔ་ཨིན་རུང་ འཕྲལ་འཕྲལ་ར་ འབྲུག་སོ་ནམ་དང་ བཟའ་སྤྱོད་དབང་འཛིན་གྱིས་ བདའ་ཟུན་ཏེ་ ཉེ་བྱ་བཀལ་ནི་འདུག།

ཨིན་རུང་ ཉོ་ཟ་མི་ཚུ་གིས་ ནང་འདྲེན་འབད་བའི་ ཚོད་བསྲེ་ཚུ་ གོང་ཚད་ཁེ་ཏོག་ཏོ་སྦེ་ ཐོབ་མི་ལུ་ ག་ཐོབ་རྐྱབ་མི་ལུ་ བལྟ་བ་ཅིན་ རྫས་སྦྱོར་ཡོད་པའི་ ཐོན་སྐྱེད་ཚུ་གིས་ རང་སོའི་གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་ག་དེ་སྦེ་ཡོདཔ་ཨིན་ན་ ཚ་གྱང་མེདཔ་བཟུམ་ཅིག་སྦེ་ གསལ་སྟོན་འབདཝ་མས།

འདི་འབདཝ་ད་ ཚོད་བསྲེ་འཛུགས་སྐྱོང་འབད་མི་ཚུ་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དམིགས་ཡུལ་ རང་འཚོ་རང་ལྡང་བཟོ་ནི་དེ་ཨིན་རུང་ མི་མང་ཤོས་ཅིག་གིས་ར་ ནང་འདྲེན་འབད་མི་ ཚོད་བསྲེ་ཚུ་ གདམ་ཁ་རྐྱབ་དོ་ཡོདཔ་ལས་ ནང་འཁོད་ལས ཐོན་སྐྱེད་འབད་མི་ ཚོད་བསྲེ་ཚུ་ བཙོང་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་མས།

གནད་དོན་དེ་གི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ མོང་སྒར་རྫོང་ཁག་ཚོགས་འདུ་ནང་ གྲོས་བསྡུར་འབད་བའི་སྐབས་ འཐུས་མི་ལ་ལོ་ཅིག་གིས་ ཕྱི་ཁ་ལས་ ཚོད་བསྲེའི་རིགས་ ནང་འདྲེན་འབད་ནི་ བཀག་དམ་འབད་དགོ་པའི་ གྲོས་གཞི་བཙུགས་མི་དེ་ཡང་ སོ་ནམ་པ་ཚུ་གིས་ ལཱ་ཁག་སྦེ་ ཚོད་བསྲེ་འཛུགས་སྐྱོང་འབད་དེ་ ཁྲོམ་ཁར་འབག་འོངམ་ད་ གོང་ཚད་ཉུང་སུ་ཅིག་ལས་ ཐོབ་ནི་མེདཔ་ལས་ སྐྱེལ་འདྲེན་གྱི་ གླ་ཆ་ཡང་ ཐོབ་མི་ཚུགས་པས་ཟེར་ཨིན་མས།

རྫོང་ཁག་ཚོགས་འདུ་ནང་ གྲོས་བསྡུར་གནང་དོ་བཟུམ་ ནང་འདྲེན་བཀག་དམ་འབད་བ་ཅིན་ དངམ་གཅིག་ལུ་ ང་བཅས་ཆ་ཁྱབ་ ཕྱིའི་རྒྱལ་ཁབ་ལུ་ རེ་མ་དགོཔ་ ཐལ་ནི་དང་ གཉིས་པ་འབདཝ་ད་ རྫས་སྦྱོར་མེད་པའི་ ཐོན་སྐྱེད་ཚུ་ བཟའ་སྤྱོད་འབད་ཚུགས་ནི་ གསུམ་པ་འབདཝ་ད་ རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་ནི་ལུ་ ལྷན་ཐབས་འབྱུང་འོང་།

འདི་འབདཝ་ལས་ ཉོ་སྤྱོདཔ་ཚུ་གི་ ཁ་ཐུག་ལས་འབད་རུང་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་ཐོག་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་ ཉོ་ཟ་ནི་གི་ གོམས་སྦྱང་ཚུད་དགོཔ་བཞིན་དུ་ གོང་ཚད་ཀྱི་ཐད་ལུ་ འབྲེལ་ཡོད་དབང་འཛིན་གྱིས་ ལྟ་རྟོག་འབད་དགོ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *