རང་བྱུང་ཨ་ལོ་གཅེས་སྐྱོང་ལྟེ་བ།

རང་བྱུང་ཨ་ལོ་གཅེས་སྐྱོང་ལྟེ་བའི་ནང་ ས་གོ་ལངམ་སྦེ་མེད་པའི་ དཀའ་ངལ་ཡོདཔ།

༉ བཀྲིས་སྒང་རང་བྱུང་ལུ་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ནང་ ཨ་ལོའི་གྱངས་ཁ་ ཡར་སེང་སོང་མི་ལུ་བརྟེན་ སློབ་ཁང་དང་ རྩེདམོ་རྩེ་སའི་ ས་ཁོངས་ལངམ་སྦེ་མེད་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།

ཨ་ལོ་གཅེས་སྐྱོང་ལྟེ་བ་དེ་ལུ་ གཞུང་གིས་ སློབ་སྟོན་པ་༢ རྒྱབ་སྐྱོར་འབད་མི་དང་བསྟུན་ རང་བྱུང་ཁྲོམ་ཁར་སྡོད་མི་ ཕམ་ཚུ་གིས་འགོ་འདྲེན་ཐོག་ལས་ སྤྱི་ལོ་༢༠༡༨ ཀྱི་ཟླཝ་༨ པའི་ནང་ གཞི་བཙུགས་འབད་ཡོདཔ་ཨིན་པས།

ལོ་བསྟར་བཞིན་དུ་ དངུལ་ཀྲམ་༡,༠༠༠ ལྷགཔ་ཅིག་ སྤྲོད་ཐོག་ལས་ གཅེས་སྐྱོང་ལྟེ་བ་དེ་ ཉམས་བཅོས་འབད་དོ་ཟེར་ཨིནམ་ད་ ས་གོ་ལངམ་སྦེ་མེདཔ་ལས་ སྟབས་མ་བདེཝ་འདུག་ཟེར་ ཨ་ལོའི་ཕམ་ཚུ་གིས་ བཤདཔ་ཨིན་པས།

ལྟེ་བ་གིས་ ལོ་བསྟར་བཞིན་དུ་ ལོ་ཚད་དང་འཁྲིལ་ཏེ་ ཨ་ལོ་ཚུ་ བཙུགས་དོ་ཡོདཔ་ད་ དུས་ཅི་ ཨ་ལོ་༣༡ དེ་ཅིག་ ལེན་ཡོདཔ་ཨིན་པས།

སློབ་སྟོན་པ་ ལྷ་མོ་གིས་འབད་བ་ཅིན་ ས་ཁོངས་ཆུང་ནི་དེ་གིས་ ཨ་ལོ་ཚུ་ལུ་ ཤེས་ཡོན་དེ་ཅིག་ར་ བྱིན་མ་ཚུགས་ནི་དེ་གིས་ ས་ཁོངས་ངེས་པར་དུ་ དགོཔ་ཡོད་ཟེར་ཨིནམ་ད་ ཁང་མིག་༡ ཐོབ་ཚུགས་པ་ཅིན་ ཨ་ལོ་མང་སུ་སྦེ་ བཙུགས་ཚུགས་ནི་མས་ཟེར་ཨིནམལས་ དེའི་སྐོར་ལས་ བློ་སླབ་སྟེ་ར་ཡོད་ཟེར་ བཤདཔ་ཨིན་པས།

ཨ་ལོ་༤ གི་ཨའི་ བཀྲིས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ལྟེ་བ་དེ་གིས་ ག་ནི་ཡང་མ་ཤེས་མི་ ཕམ་ཚུ་ལུ་ ཕན་པ་ཡོདཔ་མ་ཚད་ ཨ་ལོ་ཚུ་འབད་རུང་ ཤེས་ཡོན་སྦྱང་ཚུགས་ནི་མས་ཟེར་བཤདཔ་ཨིན་པས།

གཅེས་སྐྱོང་ལྟེ་བའི་ནང་ ས་གོ་དགོ་པའི་སྐོར་ལས་ གཤོང་ཕུག་དང་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་དེ་ ལོ་༢ ཡར་སོ་རུང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ངོས་ལེན་འབད་ནི་མིན་འདུག་ཟེར་ ཚོགས་ཆུང་གི་ འཐུས་མི་ཅིག་གིས་ བཤདཔ་ཨིན་པས།

ཨ་ལོའི་ཕམ་ཅིག་གིས་ སླབ་མིའི་ནང་ མེ་རག་ལ་ནོར་ཚོགས་པའི་ ཁང་མིག་དེ་ ལག་ལེན་འཐབ་ནི་མེད་པར་ ཨ་རྟག་ར་ སྟོངམ་བཞག་སར་ མཐོང་གསལ་བྱུངམ་ལས་ ཁོང་ལུ་ བྱིན་པ་ཅིན་ དཀའ་ངལ་བསལ་ཚུགས་ནི་མས་ཟེར་ཨིན་པས།

ད་རེས་ མེ་རག་རྒེད་འོག་ལྟེ་བ་དེ་ འཁོར་ལམ་མཐུད་སྦྲེལ་འབད་ཡོདཔ་ལས་ ཁང་མིག་དགོཔ་ཅིག་ མ་མཐོང་ཟེར་ཨིནམ་ད་ ཁང་མིག་དེ་ ཨ་རྟག་ར་ ལྡེ་མིག་རྐྱབ་སྟེ་ བཞགཔ་མས་ཟེར་ ཁོ་གིས་ སླབ་ཨིན་པས།

སློབ་སྟོན་པ་ ལྷ་མོ་གིས་ སླབ་མིའི་ནང་ ལམ་ལུགས་དང་འཁྲིལ་བ་ཅིན་ ཨ་ལོའི་ཤེས་ཡོན་གྱི་དོན་ལུ་ ས་གོ་ལངམ་སྦེ་ དགོ་ཟེར་ཨིནམ་ད་ ས་གོ་ཆུང་ནི་དེ་གིས་ སྟབས་མི་བདེ་བས་ཟེར་ཨིན་པས།

ས་གོ་མེད་ནི་དེ་གིས་ ཨ་ལོ་འབད་རུང་ ལོ་ཚད་སྦོམ་མི་ཚུ་ ཧེ་མ་ ལེན་དོ་ཟེར་ཨིནམ་ད་ བར་ན་ས་སྟོང་བཞག་ནི་ཡང་ གདོང་ལེན་བྱུངམ་མས་ཟེར་ མོ་གིས་ བཤདཔ་ཨིན་པས།

དུས་ཅི་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ནང་ ཨ་ལོ་༣༡ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ད་ སློབ་སྟོན་པ་༢ ཀྱིས་ ཨ་ལོ་༡༥ རེ་ བདག་འཛིན་འཐབ་དགོཔ་ཨིན་པས།

སྐྱེས་ལོ་༣༧ ལང་མི་ ཕམ་ཅིག་གིས་ སླབ་མིའི་ནང་ ས་གོའི་སྐོར་ལས་ རྫོང་ཁག་ཚོགས་འདུ་ནང་ གྲོས་བསྡུར་འབད་རུང་ ཏན་ཏན་སྦེ་ ཐག་བཅད་མ་ཚུགས་ཟེར་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ སླབ་དེས་ཟེར་ཨིནམ་ད་ གཞུང་དང་ རྫོང་ཁག་གིས་འབད་རུང་ བལྟ་དགོཔ་འདུག་ཟེར་ཨིན་པས།

ཨ་ལོ་གཅེས་སྐྱོང་ལྟེ་བའི་ནང་ ས་གོའི་དཀའ་ངལ་རྐྱངམ་གཅིག་མེན་པར་ གསང་སྤྱོད་མེད་པའི་ གདོང་ལེན་ཡང་ ཡོདཔ་ཨིན་པས།

ཨ་ལོའི་ཕམ་ ཀརྨ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ གསང་སྤྱོད་གཅིག་ཁར་མེདཔ་ལས་ གནམ་བྱཱར་ལུ་ ཨ་ལོ་ཚུ་ལུ་ ཉེན་ཁ་འདུག་ཨིནམ་ད་ མཐུན་རྐྱེན་གཞན་ཚུ་ཡང་ ཉུང་སུ་ཅིག་ལས་བརྒལ་མིན་འདུག་ཟེར་ཨིན་པས།

ཤེས་རིག་ལྷན་ཁག་གིས་ ཨ་ལོ་ཆུང་ཀུའི་བསྒང་ལས་ ཤེས་ཡོན་བྱིན་དགོཔ་སྦེ་ སླབ་ཡོད་རུང་ ས་གནས་ནང་ མཐུན་རྐྱེན་ཚངམ་སྦེ་མེདཔ་ལས་ དཀའ་ངལ་འདུག་ཟེར་ ཕམ་ཅིག་གིས་ བཤདཔ་ཨིན་པས།

བཀྲིས་སྒང་གི་ རྫོང་རབ་གོངམ་ དབང་ཕྱུག་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གིས་ ག་ནི་ཡང་ མ་འབདཝ་མེན་ཟེར་ཨིནམ་ད་ མེ་རག་རྒེད་འོག་གིས་འབད་བ་ཅིན་ ཁོང་ཡང་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།

དེ་འབདཝ་ད་ རྒེད་འོག་གིས་འབད་རུང་ ཧ་གོ་སྟེ་ བྱིན་འོང་མནོ་བའི་ རེ་བ་ཡོད་ཟེར་ རྫོང་རབ་ཀྱིས་ བཤད་པའི་ཁར་ རྫོང་ཁག་གིས་ ཨ་ལོ་གཅེས་སྐྱོང་ལྟེ་བ་ནང་ཡང་ ལྟ་སྐོར་འབད་ཡི་ཟེར་སླབ་ཨིན་པས།

ས་གནས་ཀྱི་ཕམ་ཚུ་ གཞུང་དང་ རྫོང་ཁག་གཉིས་ཀྱིས་ འཕྲལ་མགྱོགས་ར་ ས་གོ་མེད་པའི་དཀའ་ངལ་བསལ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། རང་བྱུང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *