རང་བཞིན་སླར་འབྱུང་ཐོན་སྐྱེད་ཐབས་བྱུས་༢༠༤༠ གིས་ འོང་འབབ་ཡར་སེང་བཟོ་ནི།

༉ སྤྱི་ལོ་༢༠༡༨ ལུ་ སོ་ནམ་ཡན་ལག་ལས་ཚན་ཀྱིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལྷན་ཐབས་བརྒྱ་ཆ་༤.༣༦ མར་འབབ་སོང་ནུག་ཟེར་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཐབས་བྱུས་༢༠༤༠ ཅན་མའི་ནང་ ཐོ་བཀོད་འབད་ཡོད་པའི་ཁར་ ནགས་ཚལ་ཡན་ལག་ལས་ཚན་གྱིས་ཡང་ གྲུབ་འབྲས་སྐྱོ་དྲགས་ཅིག་ལས་བརྒལ་ བཏོན་མ་ཚུགས་པས་ཟེར་ཨིན་པས།

ཨིན་རུང་ འདས་པའི་བདུན་ཕྲག་ནང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ པར་སྐྲུན་འབད་མི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཐབས་བྱུས་༢༠༤༠ ཅན་མ་དེ་གིས་ ལེགས་བཅོས་འབད་ཚུགས་ཟེར་ཨིན་པས།

ཐབས་བྱུས་དེ་གིས་ ལས་སྡེ་ལུ་ གདོང་ལེན་བྱུང་མི་གནད་དོན་༡༡༤ ཐབས་ཤེས་གཏོན་ནི་དང་ ལས་སྡེ་ཁག་ཚུ་གིས་ ཐབས་བྱུས་༡༡ ངོས་འཛིན་འབད་དེ་འདུག།

ཐབས་བྱུས་དང་འཁྲིལཝ་ད་ ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ལྷན་ཐབས་འབད་མ་ཚུགས་པར་ མར་འབབ་འགྱོ་མི་དེ་ གཙོ་བོ་ར་ ནགས་ཚལ་ལས་སྡེ་གིས་ ཞབས་ཏོག་འབད་མིའི་ རྩིས་ཁྲ་མ་བཞག་པས་ཟེར་ཨིན་པས།

གནད་འགག་ཆེ་ཤོས་ར་ མི་མང་ལས་སྡེ་ལས་ མ་རྩ་བཙུགས་མི་ མར་ཉམས་འགྱོ་མི་དང་ འཕྲལ་འཕྲལ་ར་ ལས་སྡེ་བསྐྱར་གསོ་འབད་མི་ དེ་ལས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ མི་མང་ཤོས་ཅིག་ལུ་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།

སོ་ནམ་དང་ ནགས་ཚལ་ལས་ཚན་དེ་ རྒྱལ་ཁབ་ནང་ རྙིང་ཤོས་ཅིག་ཨིནམ་ད་ དེ་ཡང་ ལས་སྡེ་ནང་ རྒྱལ་ཁབ་ཀྱི་ མི་རློབས་ཕྱེད་ཀ་ལྷགཔ་ཅིག་གིས་ འཚོ་བ་སོ་ནམ་ལུ་ བརྟེན་སྡོདཔ་ཨིན་རུང་ ཐབས་བྱུས་དང་འཁྲིལ་བ་ཅིན་ ལས་སྡེ་བསྐྱར་གསོ་འབད་མི་དང་ སྲིད་བྱུས་རྒྱབ་འགལ་ གློ་བུར་དུ་ འཆར་གཞི་སྙོམས་སྒྲིག་འབད་མི་ འཆར་གཞི་སྒྲིང་སྒྲི་མེདཔ་ དེ་ལས་ ལྟ་རྟོག་འབད་ནི་དང་ བརྡ་དོན་འབད་ནི་ཚུ་ མེད་པའི་དཀའ་ངལ་འདུག་ཟེར་ཨིན་པས།

ནགས་ཚལ་ལས་ཁུངས་ཀྱིས་ ཐབས་བྱུས་༡༠ འགན་འཁྲི་འབག་དགོ་མི་ཚུ་ཡང་ རང་བཞིན་ཐོན་སྐྱེད་ཚུ་ གཙོ་བོ་ཡུན་བརྟན་འཛིན་སྐྱོང་འབད་ནི་དང་ ཁྲིམས་མཐུན་འཛིན་སྐྱོང་ཐོག་ལས་ སྐྱེ་ལྡན་གནས་སྟངས་ཉམས་སྲུང་འབད་ནི་ གྲོང་གསེབ་འཚོ་སྐྱོང་སྒྲིང་སྒྲི་བཞག་ནི་ དེ་ལས་ དབུལ་ཕོངས་ཀྱི་ དཀའ་ངལ་བསལ་ནི་ཚུ་ཨིན་པས།

ད་རེས་ འབྲུག་ལུ་ ནགས་ཚལ་དང་ སྔོ་ཤིང་ མེ་ཏོག་ དེ་ལས་ སྲོག་ཆགས་རིགས་༧,༤༣༤ ཡོདཔ་ཨིན་པས།

ཨིན་རུང་ རང་བཞིན་ཐོན་སྐྱེད་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབྱུང་མ་ཚུགས་མི་དེ་ཡང་ དཔྱེ་འབད་བ་ཅིན་ འབྲུག་གིས་ ཚོང་འབྲེལ་ཐོན་སྐྱེད་ཀྱི་དོན་ལུ་ ནགས་ཚལ་ཐོན་སྐྱེད་བརྒྱ་ཆ་༥ ལས་བརྒལ་ སྤྱོད་མ་ཚུགས་མི་ལུ་བརྟེན་ཨིན་པས།

ན་ཧིང་ གཞུང་གིས་ ནགས་ཚལ་གྱི་ཐོན་སྐྱེད་ ཤིང་ཆས་ཚུ་ ཕྱིར་བཙོང་འཐབ་སྟེ་ འོང་འབབ་དངུལ་ཀྲམ་དུང་ཕྱུར་༣ དེ་ཅིག་ གསོག་འཇོག་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡི།

ནགས་ཚལ་དང་ རང་བཞིན་ཉམས་སྲུང་བཅའ་ཁྲིམས་༡༩༩༥ དང་འཁྲིལ་ བསྟར་སྤྱོད་འབད་བའི་ཤུལ་ སྤྱི་ལོ་༢༠༠༧ ལས་འགོ་བཙུགས་ ལོ་བསྟར་ཤིང་གི་ཐོན་སྐྱེད་འབད་ནི་ཚུ་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༡༩༩༢ དང་ཕྱདཔ་ད་ སྤྱི་ལོ་༢༠༡༩ ལུ་ མར་བབས་སྦོམ་སྦེ་ར་ སོང་ཡོདཔ་སྦེ་ཨིན་པས།

ནགས་ཚལ་ལས་ཁུངས་ཀྱིས་ ལོ་བསྟར་བཞིན་དུ་ ཤིང་ཆས་ཀིའུ་བིག་མི་ཊར་ ས་ཡ་༥.༠༨ བཏོན་ཆོག་པའི་ གནང་བ་བྱིན་མི་དེ་གིས་ ནགས་ཚལ་འཛིན་སྐྱོང་དང་ མི་སྡེ་ནགས་ཚལ་ དེ་ལས་ སྒེར་གྱི་ནགས་ཚལ་ཚུ་ལས་ བསྡོམས་ཤིང་ཆས་བརྒྱ་ཆ་༢༥ བཏོན་ཆོག་ནི་ཨིན་པས།

དུས་ཅིའི་ལོ་ འགོ་བཙུགས་ཁམས་ཅིག་ཁར་ རང་བཞིན་གནས་སྟངས་ཐོན་སྐྱེད་ཚུ་ ཆུད་ཟད་མི་གཏང་ནི་དང་ ནང་འདྲེན་འབད་མི་ ཤིང་ཆས་ཚབ་ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ལོ་༢ ཀྱི་ནང་འཁོད་ལུ་ ད་ལྟོ་ཡོད་པའི་ ཤིང་དྲ་ཁང་ཚུ་ནང་ འོས་ལྡན་འཕྲུལ་ཆས་ཅིག་ མཁོ་སྒྲུབ་འབད་དགོ་པའི་ བཀོད་བྱ་གནང་ནུག།

ཐབས་བྱུས་དེ་གི་ ལས་སྣ་དང་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ མ་དངུལ་ དངུལ་ཀྲམ་དུང་ཕྱུར་༢༡ ལྷགཔ་ཅིག་ གནས་ནི་ཨིན་པའི་ ཚོད་དཔག་འབད་ཡོདཔ་ཨིན་པས།

ཐབས་བྱུས་དེ་ཡང་ མི་མང་གིས་ མ་རྩ་གཞི་བཙུགས་དང་ གྲོགས་རམ་མ་དངུལ་ སྐྱིན་འགྲུལ་ཆུང་རིམ་ སྒེར་སྡེའི་མ་རྩ་དེ་ལས་ ཕྱིའི་མ་རྩ་བཙུགས་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *