རང་བཞིན་རྐྱེན་ངན་ཚུ་གི་དོན་ལུ་ གྲ་སྒྲིག་འབད་དགོཔ།

༉ ཉིནམ་དག་པ་ཅིག་གི་ཧེ་མར་ ལ་ཡ་ལས་ ཉིན་ལམ་ཅིག་གི་ས་ཁར་ ཚྭ་རི་རྒྱ་ཐང་གི་ཉེ་འདབས་ལུ་ ས་རུད་ཀྱིས་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་མིའི་ སྡོད་སྒར་ཚུ་ འཕྱགས་བདའ་ཡོདཔ་མ་ཚད་ ཚེ་སྲོག་ལུ་ བར་རྐྱེན་བྱུང་མི་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ཅན་དང་ ཡིད་སྐྱོ་བའི་གནས་ཚུལ་ཅིག་ཨིན་མས།

ལ་མཐོ་སར་སྡོད་མི་ཚུ་ སྤྱི་ཟླ་༥ པའི་ཚེས་༡༧ ལས་ཚུར་ ལ་བདའ་སྟེ་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་བར་ སོང་ཡོདཔ་བཞིན་དུ་ རྐྱེན་ངན་བྱུང་བའི་སྐབས་ ལ་ལོ་ཅིག་ ཁོང་རའི་ཁྱིམ་ནང་ ལོག་པའི་བསྒང་ཨིན་མས།

གནོད་སྐྱོན་བྱུང་མི་ཚུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་བཞིན་དུ་ གལ་སྲིད་ རྒྱལ་གཞུང་འབྲུག་གི་ གནམ་གྲུའི་ཞབས་ཏོག་མེད་པ་ཅིན་ སྲོག་སྐྱབས་ལག་ལེན་འཐབ་ནི་ལུ་ ལཱ་ཁག་རྐྱབ་ནི་ཨིན་མས།

ས་གནས་ཀྱི་ འགོ་ཁྲིདཔ་ཚུ་དང་ སྲོག་སྐྱབས་སྡེ་ཚན་གྱིས་ གློ་བུར་ངོས་ལེན་ཐོག་ སྲོག་སྐྱབས་ལག་ལེན་ཚུ་ མཐར་འཁྱོལ་ཅན་སྦེ་ འབད་ཚུགས་མི་དེ་ལུ་ ངལ་རངས་ཡིད་ཆེས་བསྐྱེད་དགོཔ་འདུག།

རང་བཞིན་གྱི་རྐྱེན་ངན་ཚུ་ འགྲོ་བ་མི་གིས་ བཀག་འཛིན་འབད་མ་ཚུགསཔ་ཅིག་ཨིནམ་ལས་ ང་བཅས་ར་ ཧི་མ་ལ་ཡའི་གངས་ལྗོངས་ནང་ སྡོད་མི་འབདཝ་ད་ ཉེན་ཁ་ཡོད་ལུགས་ཀྱི་སྐོར་ལས་ དུས་དང་དུས་སུ་ དྲན་གསོ་འབད་ཡོདཔ་ད་ གནས་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ གནོད་ཉེན་ཚུ་ལུ་ ཧང་སྟོང་མར་ འབྱུང་སྲིད་ནི་དེ་གིས་ གདོང་ལེན་གྱི་དོན་ལུ་ ནམ་རང་འབད་རུང་ གྲ་སྒྲིག་ཐོག་ལུ་ སྡོད་དགོ་མི་དེ་ཡང་ རང་གི་ཚེ་སྲོག་ལུ་ ཉེན་ཁ་སྦོམ་ཡོད་ནི་དེ་གིས་ཨིན།

གནས་ཚུལ་བྱུང་ཁུངས་དང་འཁྲིལཝ་ད་ ལ་ཡ་ལུ་ ས་རུད་ཆད་དགོ་པའི་ གནད་དོན་ངོ་མ་ར་ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་མི་ལུ་བརྟེན་ཏེ་ཨིན་མས།

རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བ་གིས་ སྤྱི་ཟླ་༦ པའི་ གནས་སྡུད་བཀོད་མིའི་ནང་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ ཆར་ཤུགས་ཨེམ་ཨེམ་༢༣ རྐྱབ་མི་དེ་ མཐོ་ཤོས་ཅིག་ཨིནམ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ མགར་ས་ལུ་ཡོད་མི་ ལྟེ་བའི་ཡིག་ཚང་གིས་ ཆར་ཤུགས་ཨེམ་ཨེམ་༡༣.༦ ཐོ་བཀོད་འབད་ནུག།

ལ་མཐོ་སའི་ ས་གནས་ཚུ་ནང་ གནམ་གཤིས་གནས་སྟངས་དང་ གཞན་འབྱུང་ཁམས་ལུ་བརྟེན་ ཉེན་འཚུབས་དང་ གནོད་སྐྱོན་ཚུ་ སྦོམ་སྦེ་ར་ རྐྱབ་དོ་ཡོདཔ་ད་ དཔྱེ་འབད་བ་ཅིན་ སྤྱི་ལོ་༡༩༩༤ ལུ་ ཁྱེགས་རུད་ལུ་བརྟེན་ མཚོ་རྦད་དེ་ ཆུ་རུད་ཀྱི་ཉེན་འཚུབས་བྱུང་མི་དང་ སྤྱི་ལོ་༢༠༡༡ དང་༢༠༡༣ དེ་ལས་༢༠༡༤ ལུ་ རླུང་འཚུབས་ལུ་བརྟེན་པའི་ རྐྱེན་ངན་ཚབས་ཆེན་ཚུ་བྱུང་བའི་ དྲན་ཚོར་བྱུངམ་ཨིན་མས།

འདི་བཟུམ་སྦེ་ ཆར་ཆུ་ལུ་བརྟེན་པའི་ ཆུ་རུད་འཐོན་ནི་དང་ ས་རུད་ཆད་པའི་ རྐྱེན་ངན་ཚུ་ སྤྱིར་བཏང་ཡར་སེང་འགྱོ་བའི་ མཐོང་གསལ་བྱུངམ་ཨིན་མས།

ང་བཅས་ར་ རང་བཞིན་གྱི་ རྐྱེན་ངན་ཚུ་གི་སྦུག་ལུ་ ཉེན་ཁ་འབག་སྟེ་ སྡོད་མི་ཅིག་ཨིནམ་ལས་ གྲ་སྒྲིག་འབད་ནི་དང་ དམིགས་བསལ་དུ་ གནོད་ཉེན་ཆེ་བའི་ས་ཁོངས་ནང་ སྡོད་མི་ཚུ་ལུ་ ཉེན་འཚུབས་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ནི་དེ་ ཁག་ཆེ་དྲགས་ཅིག་ཨིན་མས།

རྐྱེན་ངན་འཛིན་སྐྱོང་ལུ་ དམིགས་བསལ་གྱི་ གཙོ་རིམ་བྱིན་ཏེ་ཡོདཔ་ལས་ མ་འོངས་པ་ལུ་ རང་བཞིན་བྱུང་རྐྱེན་གྱི་ ཉེན་ཁ་ཡོད་པའི་ས་ཁོངས་ནང་ སྡོད་མི་ཚུ་ལུ་ སྦྱོང་བརྡར་རེ་བྱིན་པ་ཅིན་ ད་རེས་བཟུམ་སྦེ་ ཟད་འགྲོ་ལྕི་བའི་ གནམ་གྲུའི་ཞབས་ཏོག་ སྤྱོད་མ་དགོ་པར་ ས་ཁོངས་ནང་ སྡོད་མི་ཚུ་གིས་ གློ་བུར་དུ་ སྲོག་སྐྱབས་ལག་ལེན་ཚུ་ འགོ་འདྲེན་འཐབ་ཚུགས་པའི་ ཕན་ཁྱད་འདུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *