རང་བཞིན་ཐོན་སྐྱེད་ལས་བཟོ་མི་ ཐོན་སྐྱེད་༩ འགོ་འབྱེད་འབད་ཡོདཔ།

༉ གྲོང་གསེབ་ནང་སྡོད་མི་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ཐབས་དང་ རྒྱལ་ཁབ་ཀྱི་ སྐྱེ་ལྡན་སྣ་ཚོགས་ཉམས་སྲུང་འབད་ཐབས་ལུ་ རང་བཞིན་ཐོན་སྐྱེད་ལས་བཟོ་མི་ ཐོན་སྐྱེད་༩ ཐིམ་ཕུག་ལུ་སྦེ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཐོན་སྐྱེད་ཚུའི་གྲས་ལས་ གཉེར་མ་འཐོན་ནི་ལས་ བཀག་ཐབས་འབད་མི་ བཟོ་སྨན་དང་གླང་ལེབ་ སྣུམ་ལེབ་ ལག་པར་དབུར་ནིའི་སྨན་ དེ་ལས་ ཨེ་ཏོག་མེ་ཏོག་གིས་ སྨན་རིགས་ཚུ་ བཟོ་ཡོདཔ་ཨིན་པས།
ཁེ་ཕན་བགོ་བཤའི་ཐོག་ལས་ གན་ཡིག་བཟོ་བའི་ཤུལ་ལུ་ འགོ་བཙུགས་མི་ ལས་འགུལ་དེ་གིས་ རང་བཞིན་གནས་སྟངས་དང་མཐུན་པའི་ ཐོན་སྐྱེད་འབད་ནིའི་དོན་ལུ་ རྒྱལ་ཡོངས་སྐྱེ་ལྡན་ལྟེ་བ་དང་ སྨན་ལྗོངས་གསོ་རིག་སྨན་བཟོ་ལས་སྡེ་གིས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་དང་མཉམ་འབྲེལ་ཐོག་ལས་ འགོ་བཙུགས་མི་ ལས་འགུལ་དེ་ ཆུ་ཁ་ལོག་ཅི་ནང་རྒེད་འོག་དང་ ཀྲོང་གསར་གླང་མཐིལ་རྒེད་འོག་ དེ་ལས་ ཐིམ་ཕུག་དར་དཀར་ལ་རྒེད་འོག་ཚུ་ནང་ འགོ་བཙུགས་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་འགོ་དཔོན་ བཙན་སྐྱོགས་རྡོ་རྗེ་གིས་ མི་སྡེ་༤ གིས་ ལས་འགུལ་ནང་ གྲོགས་རམ་འབད་མི་ལུ་བརྟེན་ མི་སྡེ་ཚུ་གི་ ལཱ་འབད་ནིའི་ལྕོགས་གྲུབ་ ཡར་དྲག་བཏང་ཚུགས་ཡོདཔ་མ་ཚད་ ཐོན་སྐྱེད་ཚུ་ལས་ མ་དངུལ་གྱི་གྲོགས་རམ་ཡང་ འཐོབ་ཚུགསཔ་བཟོ་ཡོདཔ་ཨིན་པས།
ལས་འགུལ་གྱིས་ མི་སྡེའི་ཕན་ཐབས་ལུ་དམིགས་ཏེ་ མི་སྡེ་ཚུ་ནང་ལས་ ཐོན་སྐྱེད་ཚུ་བཟོ་ནིའི་དོན་ལུ་ མི་སྡེ་ལས་ ཅ་ཆས་ཚུ་རྐྱངམ་གཅིག་ ཉོ་ནི་མེན་པར་ མི་སྡེ་ལུ་ཕན་པའི་ ལཱ་གཞན་ཚུ་ལུ་ཡང་ ལྟ་དོ་ཟེར་ ཨིན་རུང་ ད་ལྟོ་ ཐོན་སྐྱེད་ཚུ་ བཙོང་ནིའི་དོན་ལུ་ མ་ལྷོད་པར་ཡོདཔ་ཨིན་པས།
འཛམ་གླིང་སྤྱི་ཚོགས་ཀྱི་ གནས་བཞུགས་ངོ་ཚབ་ གི་རཱལ་ ད་ལེ་གིས་ བཤད་མིའི་ནང་ འབྲུག་པའི་རང་བཞིན་སྐྱེ་ལྡན་དང་ མི་སྡེའི་བར་ན་ མཐུན་ལམ་ཡོད་རུང་ འདས་པའི་ལོ་ཚུ་ནང་ སྨན་རིགས་དང་ གཞན་སྤྱོད་ནིའི་དོན་ལུ་ ལག་ལེན་འཐབ་མི་ཐོན་སྐྱེད་ཚུ་གིས་ རང་བཞིན་ཐོན་སྐྱེད་ཀྱི་རིགས་ ལ་ལོ་ཅིག་ ཉམས་ཉེན་ནང་ ལྷོད་དེ་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ རང་བཞིན་སྐྱེ་ལྡན་ཚུ་ ཚུལ་ལྡན་སྦེ་ སྤྱོད་ནིའི་དོན་ལུ་ རང་བཞིན་སྐྱེ་ལྡན་བཅའ་ཁྲིམས་ཚུ་ ཡུན་བརྟན་བཞག་ཐབས་ལུ་ གལ་ཆེ་ཟེར་ཨིནམ་ད་ དེ་དང་གཅིག་ཁར་ མི་སྡེ་ཚུ་ཡང་ ཉམས་སྲུང་འབད་ནི་དེ་ གལ་ཆེ་བས་ཟེར་ཨིན་པས།
ལས་འགུལ་དེ་གིས་ མི་སྡེའི་དོན་ལུ་ ལཱ་གཡོག་གི་གོ་སྐབས་བཟོ་ཚུགས་པའི་ཁར་ དབུལ་ཕོངས་ཀྱི་དཀའ་ངལ་ཚུ་ཡང་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
ལས་འགུལ་དང་ མི་སྡེའི་བར་ན ཁེ་ཕན་གྱི་གན་ཡིག་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ འབྲེལ་བ་ཡོད་པའི་གཙུག་སྡེ་ཚུ་ གོང་འཕེལ་གཏང་ནི་དང་ ཞིབ་འཚོལ་དང་གོང་འཕེལ་དོན་ལུ་ ཅ་ཆས་ཚུ་མཁོ་སྒྲུབ་འབད་ནིའི་ དམིགས་གཏད་ཡོད་པའི་ཁར་ གྲོང་གསེབ་ཀྱི་མི་སྡེ་ཚུ་ གྲལ་གཏོགས་འབད་བཅུག་སྟེ་ གན་ཡིག་བསྟར་སྤྱོད་འབད་ནི་དེ་ཡང་ གཙོ་རིམ་ཅིག་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཐོན་སྐྱེད་ཚུ་ གལ་ཆེ་བའི་སྐོར་ལས་ གསུངས་པའི་སྐབས་ མི་ཚུ་གིས་ རང་བཞིན་སྐྱེ་ལྡན་ཚུ་ ག་ཐོབ་སྦེ་ མེདཔ་གཏང་ནི་མེདཔ་ཅིག་ བཟོ་དགོ་པས་ཟེར་ གསུངས་ཡོདཔ་ད་ སྐྱེ་ལྡན་གནས་སྟངས་ཚུ་ཡང་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་ ལེགས་ཤོམ་ཡོད་མི་ལུ་བརྟེན་ ཨིན་ཟེར་གསུངས་ཡི།
སོ་ནམ་དྲུང་ཆེན་ རིག་འཛིན་རྡོ་རྗེ་གིས་ འགོ་འབྱེད་འབད་བའི་སྐབས་ ལྷན་ཁག་གིས་ རང་ལུགས་དང་འབྲེལ་བའི་ རང་བཞིན་མཐུན་རྐྱེན་ཚུ་ ཡུན་བརྟན་ཐོག་ལས་ སྤྱོད་ཚུགསཔ་བཟོ་ནིའི་ འཆར་གཞི་ཡོད་མི་དང་འཁྲིལ་ འགོ་འབྱེད་འབདཝ་ཨིན་ཟེར་བཤད་ཅི།
འགོ་འབྱེད་དེ་ གཙོ་བོ་ར་ ཐོན་སྐྱེད་ཚུ་ གསལ་སྟོན་འབད་ནིའི་དོན་ལུ་ཨིན་པའི་ཁར་ ཐོན་སྐྱེད་དེ་ཚུ་ལས་ཐོབ་མི་ མ་དངུལ་དུམ་གྲ་རེ་ ཁེ་ཕན་བགོ་བཤའ་མ་དངུལ་ནང་ བཙུགས་ནི་ཨིནམ་ད་ ཡུ་ཨེསི་ཌོ་ལར་ས་ཡ་༡ འབད་མི་ལས་འགུལ་དེ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་དང་ གཞུང་གིས་མཉམ་འབྲེལ་ཐོག་ལས་ སྤྱི་ལོ་༢༠༡༤ ལས་ འགོ་བཙུགས་ཡོད་མི་དེ་ དུས་ཅི་སྤྱི་ཟླ་༩ པའི་ནང་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *