རང་བཞིན་གྱི་ རྐྱེན་ངན་ཚུ་ལས་ བཟློག་ཚུགས་པའི་ ཁྱིམ་རྐྱབ་དགོཔ།

༉ འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཅིག་ཨིནམ་ལས་ ས་ཆའི་ཆགས་ཚུལ་ ཉེན་ཁ་ཅན་གྱི་ གནས་སྟངས་ནང་ཡོད་མི་ལུ་བརྟེན་ རང་བཞིན་གྱི་ རྐྱེན་ངན་ཚུ་གིས་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་སྦོམ་ཡོདཔ་ཨིན།

རང་བཞིན་གྱི་ རྐྱེན་ངན་ཚུ་ཡང་ ས་ཡོམ་དང་ རླུང་འཚུབས་ ནགས་ཚལ་དང་ ཁྱིམ་ཚུ་ལུ་ མེ་རྐྱེན་འབྱུང་ནི་ ས་རུད་ཆད་ནི་དང་ ཆུ་རུད་འཐོན་ནི་ ཁྱེགས་མཚོ་རྦད་ནི་ ནད་ཡམས་མུ་གེ་ལ་སོགས་པ་ལུ་ སླབ་བཞིན་དུ་ འབྲུལ་རྒྱལ་ཁབ་འདི་ ཧི་མ་ལ་ཡའི་ གངས་རི་ས་ཁོངས་ནང་ ཚུད་ནི་དེ་གིས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ གནོད་ཉེན་ཚུ་གིས་ འབྲུག་པའི་མི་སེར་གྱི་ ཚེ་སྲོག་དང་ རྒྱུ་དངོས་ཚུ་ལུ་ཡང་ ཐོ་ཕོགཔ་ཨིན་མས།

འདས་པའི་ལོ་ངོ་དག་པ་ཅིག་ལས་ འབྲུག་རྒྱལ་ཁབ་ནང་ ཨ་རྟག་དང་མ་འདྲ་བའི་ གནམ་གཤིས་གནས་སྟངས་ བསྒྱུར་བཅོས་འགྱོ་བའི་ ཚོར་སྣང་བྱུང་ཡོདཔ་ད་ དེ་ཡང་ སྤྱི་ལོ་༡༩༩༤ ལུ་ ལུང་ནག་ནང་ཁྱེགས་མཚོ་རྦད་དེ་ མོ་ཆུ་བྲེས་འོང་མི་ལུ་བརྟེན་ ཆུ་རུད་ཐོན་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༡ དང་༢༠༡༣ དེ་ལས་༢༠༡༤ ལུ་ རླུང་འཚུབས་འཕུ་སྟེ་ རྒྱལ་ཁབ་ནང་ མིའི་ཚེ་སྲོག་དང་ རྒྱུ་དངོས་ཚུ་ མེདཔ་བཏང་མི་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཨིན་མས།

ཨིན་རུང་ འབྱུང་བ་བཞིའི་ རྐྱེན་ངན་ཚུ་གི་གྲས་ལས་ རླུང་འཚུབས་ཀྱི་ རྐྱེན་ངན་ཚུ་ འཕྲལ་འཕྲལ་ར་ འབྱུང་དོ་ཡོདཔ་ད་ འདས་པའི་བྱུང་རྐྱེན་ཚུ་ལུ་ བལྟ་བ་ཅིན་ རླུང་འཚུབས་ཀྱིས་ གནོད་སྐྱོན་མང་ཤོས་ར་ འབྲུག་ལུགས་ཐོག་རྐྱབ་མི་ ཁྱིམ་ཐོག་ཚུ་ འཕྱགས་བདའ་མི་ལས་ རང་ལུགས་ཀྱི་ ཁྱིམ་ཚུ་ལུ་ གནོད་ཉེན་ག་དེམ་ཅིག་ཡོདཔ་ཨིན་ན་ གསལ་སྟོན་འབདཝ་མས།

སྤྱི་ལོ་༢༠༡༡ ཟླ་༤ པའི་ནང་ རླུང་འཚུབས་ཀྱིས་ རྫོང་ཁག་༡༧ ནང་ གྲོང་གསེབ་ཀྱི་ཁྱིམ་༢,༤༢༤ གི་ ཁྱིམ་ཐོག་འཕྱགས་བདའ་ཡོདཔ་མ་ཚད་ ལྷ་ཁང་༧༧ དང་ མཆོད་རྟེན་༤ སློབ་གྲྭ་/གཞི་རྟེན་ཤེས་ཡོན་སློབ་ཁང་༥༧ གཞི་རྟེན་སྨན་ཁང་/མཐའ་ཟུར་སྨན་སྤྲོད་ཁང་༢༡ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་༦ རྒཔོ་གི་ཡིག་ཚང་༤ ཁྲིམས་སྲུང་འགག་སྡེའི་ སྒྲིང་ཁྱིམ་༣ ལུ་ གནོད་སྐྱོན་རྐྱབ་ནུག།

ད་རུང་ སྤྱི་ལོ་༢༠༡༢ ལུ་ གཞལམ་སྒང་དང་ དབང་འདུས་ སྤུ་ན་ཁ་ ཧཱ་རྫོང་ཁག་༤ གི་ གྲོང་གསེབ་ཁྱིམ་༢༢༡ དང་ ལྷ་ཁང་༡༠ སློབ་གྲྭ་༤ རང་བཞིན་སླར་འབྱུང་ཡིག་ཚང་གི་ ཁྱིམ་ཐོག་ཚུ་ མེདཔ་བཏང་ཡོདཔ་ད་ སྤྱི་ལོ་༢༠༡༣ ལུ་ རྫོང་ཁག་༡༥ ནང་ གྲོང་ཁྱིམ་༡,༠༣༨ ཀྱི་ ཁྱིམ་ཐོག་འཕྱགས་བདའ་ཡོདཔ་མ་ཚད་ སློབ་གྲྭ་༡༣ ས་གནས་གཞུང་གི་ཡིག་ཚང་༣ གཞི་རྟེན་སྨན་ཁང་༨ མེདཔ་བཏང་ནུག།

དེ་མ་ཚད་ རླུང་འཚུབས་ཀྱིས་ སྤྱི་ལོ་༢༠༡༤ ལུ་ རྫོང་ཁག་༧ གྱི་ གྲོང་ཁྱིམ་༢༠༨ དང་ སློབ་གྲྭ་༢ གཞུང་ཁྱིམ་༢༠ ལྷ་ཁང་༤ མེདཔ་བཏང་ཡོདཔ་ད་ ད་རེས་ནངས་པར་ཡང་ རྒྱལ་ཁབ་ནང་འཁོད་ལུ་ རླུང་འཚུབས་ཀྱིས་ གཞི་རྟེན་ཁང་དང་ རྒྱུ་དངོས་ཚུ་ མེདཔ་བཏང་པའི་སྙན་ཞུ་ འཕྲལ་འཕྲལ་ར་ ལྷོདཔ་ཨིན་མས།

ཞབས་ཏོག་ལྷན་ཁག་གིས་ ཞིབ་འཇུག་ཅིག་ འབད་མི་དང་འཁྲིལཝ་ད་ འབྲུག་ལུ་ རླུང་འཚུབས་ཀྱིས་ ཁྱིམ་ཐོག་ཚུ་ འཕྱག་བདའ་མིའི་ རྒྱུ་རྐྱེན་གཙོ་བོ་ཅིག་ རང་ལུགས་ཀྱི་ བཟོ་བཀོད་ཐོག་ལས་རྐྱབ་མི་ ཁྱིམ་ཐོག་ཚུ་ སྒྲིང་སྒྲི་མེད་པའི་ཁར་ རྒྱུན་སྐྱོང་མ་འབད་བར་བཞག་མི་ལུ་བརྟེན་ཨིནམ་སྦེ་ མངོན་གསལ་བྱུང་ནུག།

ད་ལས་ཕར་ རླུང་འཚུབས་འཕུ་རུང་ དེ་གིས་ ཁྱིམ་ཐོག་ཚུ་ འཕྱག་བདའ་མ་ཚུགསཔ་ བཟོ་ནི་ལུ་དམིགས་ཏེ་ ཞབས་ཏོག་ལྷན་ཁག་གིས་ རྒྱལ་ཁབ་ནང་ ཁྱིམ་ཐོག་གཅིག་མཚུངས་སྦེ་ བཟོ་བཀོད་ཐོག་ རླུང་འཚུབས་ལས་ བཟློག་ཚུགས་པའི་ ལམ་སྟོན་ཅིག་ ཟིན་འགོད་འབད་མི་དེ་ ལེགས་ཤོམ་ཨིན་མས།

ད་ལྟོ་ ལམ་སྟོན་དེ་ ལག་ལེན་འཐབ་ནི་ འགོ་མ་བཙུགས་རུང་ རླུང་འཚུབས་ཀྱི་རྐྱེན་ངན་ འཕྲལ་འཕྲལ་ར་ འབྱུང་ནི་ཡོད་མིའི་ གདོང་ལེན་ལུ་ གང་མགྱོགས་སྦེ་ ལག་ལེན་འཐབ་དགོཔ་འདུག།

འདི་འབདཝ་ད་ ང་བཅས་ཀྱིས་ རླུང་འཚུབས་རྐྱངམ་གཅིག་གི་ མནོ་བསམ་མ་བཏང་པར་ ས་ཡོམ་དང་ ས་རུད་ ཆུ་རུད་ མེ་རྐྱེན་གྱི་ འཇིགས་པ་ཚུ་ལས་ཡང་ ཉེན་སྐྱོབ་འབད་ཚུགས་པའི་ ཁྱིམ་རྐྱབ་ནིའི་ རྒྱབ་སྐྱོར་དང་ སེམས་ཤུགས་བསྐྱེད་དགོཔ་དེ་ཡང་གལ་ཆེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *