རང་བཞིན་གནས་སྟངས་ཉམས་སྲུང་དོན་ལུ་ དངུལ་ཀྲམ་ས་ཡ་༢༨ ལྷགཔ་ཅིག་ རྒྱབ་སྐྱོར་འབད་ནི།

༉ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ རང་བཞིན་གནས་སྟངས་ ཉམས་སྲུང་འབད་ནིའི་དོན་ལས་ ལས་འགུལ་༤ ལུ་ མ་དངུལ་གྱི་རྒྱབ་སྐྱོར་ དངུལ་ཀྲམ་ས་ཡ་༢༨.༩༥༦ བྱིན་ནི་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པ་ལས་འགོ་བཙུགས་ སྤྱི་ལོ་༢༠༢༠ གི་ནང་འཁོད་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ལས་འགུལ་༤ པོ་དེ་ ཐིམ་ཕུག་ ས་དམར་རྫིང་ཁ་ལུ་ ཤིང་གི་ལྕངམ་བཙུགས་ཐོག་ལས་ གཞི་རྟེན་མཁོ་ཆས་བསྒྲུབ་ནི་དང་ བཀྲིས་སྒང་ སག་སྟེང་རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་ གནོད་སྐྱོན་གདོང་ལེན་འབད་ནི་ སློབ་རིམ་༡༡ པ་དང་༡༢ པའི་ རང་བཞིན་གནས་སྟངས་ཀྱི་ཆོས་ཚན་ རྒྱ་བསྐྱེད་འབད་ནི་ དེ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཕྱགས་སྙིགས་རྩ་མེད་གཏང་ནི་ཚུ་ཨིན་པས།
འདས་པའི་བདུན་མཐའ་ལུ་ གདམ་འཐུ་གྲུབ་མི་ ལས་འགུལ་༤ དང་ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱི་བར་ན་ གན་ཡིག་ཅིག་ཡང་ བཟོ་ཡོདཔ་ད་ ལས་འགུལ་༤ པོ་དེ་ བློ་གཏད་མ་དངུལ་ཡིག་ཚང་ནང་ རང་བཞིན་གནས་སྟངས་ཉམས་སྲུང་གི་དོན་ལུ་ གྲོས་གཞི་ལེ་ཤ་བཙུགས་ཐོག་ལས་ དོ་འགྲན་འབད་མི་ལས་ དྲག་ཤོས་ཚུ་ཨིན་པས།
བློ་གཏད་མ་དངུལ་ཡིག་ཚང་གི་ ལས་རིམ་གཙོ་འཛིན་ ཨྱོན་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ལས་འགུལ་༤ ལུ་ ཟླཝ་༦ གི་བར་ན་ མ་དངུལ་ཚར་རེ་ བྱིན་ནི་ཨིན་ཟེར་ཨིནམ་ད་ མ་དངུལ་དེ་ ཡིག་ཚང་གིས་ ཕྱིའི་རྒྱལ་ཁབ་ཚུ་ལས་ རང་བཞིན་གནས་སྟངས་ཉམས་སྲུང་གི་དོན་ལུ་ ཞལ་འདེབས་ལེན་ཐོག་ལས་ བློ་གཏད་མ་དངུལ་བཟོ་མི་དེ་ གྲོགས་རམ་སྦེ་ བྱིན་དོ་ཡོདཔ་ད་ དེའི་དོན་ལུ་ གྲོས་གཞི་དེ་ ངོ་རྐྱང་དང་ སྒེར་སྡེ་ ཡང་ཅིན་ གཞུང་དང་གཞུང་མིན་ལས་སྡེ་ དེ་ལས་ ག་རང་ཨིན་རུང་ བཙུགས་ཆོག་ནི་ཨིན་པས།
ལས་འགུལ་གྱི་ གྲོས་གཞི་དེ་ མཐར་འཁྱོལ་འགྱོ་བ་ཅིན་ མཐོ་ཤོས་དངུལ་ཀྲམ་ས་ཡ་༡༥ ཐོབ་དོ་ཡོདཔ་ད་ ད་ཚུན་ བློ་གཏད་མ་དངུལ་ཡིག་ཚང་གིས་ ལས་འགུལ་༢༠༦ ལུ་ རྒྱབ་སྐྱོར་འབད་མིའི་ནང་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ཐེར་འབུམ་༡.༡༤༢༩ བྱིན་ནུག།
ས་དམར་རྫིང་ཁ་ རང་བཞིན་གནས་སྟངས་ཉམས་སྲུང་ལས་འགུལ།
བློ་གཏད་ཡིག་ཚང་གི་ གྲོགས་རམ་དངུལ་ཀྲམ་ས་ཡ་༡༥ གི་ཐོག་ལས་ ས་དམར་རྫིང་ཁའི་ སྒང་ཏོག་དེ་ གཅད་ཞིནམ་ལས་ ཨ་རིང་བཟུམ་བཟོ་སྟེ་ ཤིང་གི་ལྕངམ་ཚུ་ བཙུགས་ནི་ཨིནམ་ད་ ས་གནས་དེ་ཁར་ ཆུ་གི་དཀའ་ངལ་ཡོད་མི་དེ་ཡང་ ཆུ་འཐེན་ཞིནམ་ལས་ བཀྲམ་སྤེལ་འབད་ནི་ཨིན་པས།
ས་ཁོངས་དེ་ནང་ ས་ཆ་ཨེ་ཀར་༣༣༠ ཡོད་མི་ལས་ ལ་ལོ་ཅིག་ནང་ ལོ་ཐོག་འཛུགས་སྐྱོང་འབད་ནི་ཨིནམ་མ་ཚད་ གཞི་རྟེན་མཁོ་ཆས་ དཔེ་འབད་བ་ཅིན་ ལས་འགུལ་གྱི་ཡིག་ཚང་དང་ རྒྱལ་གཞུང་ངལ་འཚོ་ཁང་ འཁོར་ལམ་ ཆུ་གཡུར་ ལ་སོགས་པ་ཚུ་ གཞི་བཙུགས་འབད་ནི་ཨིནམ་ད་ ལས་འགུལ་དེ་ ནགས་ཚལ་ལས་ཁུངས་ཀྱིས་ ལྟ་རྟོག་འབད་ནི་ཨིན་པས།
སག་སྟེང་རི་དྭགས་སྲུང་སྐྱོབ།
སག་སྟེང་རི་དྭགས་སྲུང་སྐྱོབ་ཡིག་ཚང་གིས་ གླིང་ཁའི་ས་ཁོངས་ནང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ གནོད་སྐྱོན་བཀག་ཐབས་ཀྱི་ ལས་འགུལ་དང་ སྔོན་འགོག་གི་ ལཱ་ཚུ་འབད་དེ་ ས་གནས་ཀྱི་མི་སྡེ་དང་ རང་བཞིན་གནས་སྟངས་ལུ་ གནམ་གཤིས་དང་འབྲེལ་བའི་ གནོད་སྐྱོན་ཚུ་ལས་ བཀག་ཚུགས་པའི་ ཐབས་ལམ་བཏོན་ནི་ཨིན་པས།
དེའི་དོན་ལུ་ བློ་གཏད་ཡིག་ཚང་གིས་ དངུལ་ཀྲམ་ས་ཡ་༧ རྒྱབ་སྐྱོར་འབད་ནི་ཨིནམ་ད་ ལཱ་གཞན་ཡང་ གནམ་གཤིས་འགྱུར་བགྲོད་ཀྱི་ གནོད་སྐྱོན་ཚུ་ ངོས་འཛིན་འབད་དེ་ ཡུན་བརྟན་གྱི་ གདོང་ལེན་ཐབས་ལམ་ཚུ་བཏོན་ནི་ཨིནམ་ད་ ལས་འགུལ་དེ་ སྤྱི་ལོ་༢༠༡༩ ལུ་ མཇུག་བསྡུ་དགོཔ་ཨིན་པས།
རང་བཞིན་གནས་སྟངས་ཀྱི་ཆོས་ཚན།
སློབ་རིམ་༡༡ པ་དང་༡༢ པའི་ནང་ རང་བཞིན་གནས་སྟངས་ཀྱི་ཆོས་ཚན་ གཞི་བཙུགས་འབད་དེ་ ན་གཞོན་ཚུ་གི་རྒྱུད་ལུ་ རང་བཞིན་གནས་སྟངས་ ཉམས་སྲུང་འབད་ནིའི་ ཤེས་ཡོན་དང་ སེམས་ཤུགས་བསྐྱེད་བཅུག་སྟེ་ མ་འོངས་ལོ་ལས་བཅད་དེ་ རང་བཞིན་གནས་སྟངས་ བདག་འཛིན་འབད་ནི་ཨིན་པས།
ལས་འགུལ་དེ་ རྒྱལ་གཞུང་ཤེས་རིག་ཚོགས་སྡེ་གིས་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེའི་དོན་ལུ་ བློ་གཏད་ཡིག་ཚང་གིས་ གྲོགས་རམ་ དངུལ་ཀྲམ་ས་ཡ་༥.༢༣༦ བྱིན་ནི་ཨིན་པས།
ཕྱགས་སྙིགས་མེདཔ་བཟོ་ནི།
ད་ལྟོ་ འབད་བའི་བསྒང་ཡོད་མི་ བསམ་གྲུབ་ལྗོངས་མཁར་ ཕྱགས་སྙགས་རྩ་མེད་ཀྱི་ལས་རིམ་དེ་ བློ་གཏད་མ་དངུལ་ཡིག་ཚང་གིས་ རྒྱབ་སྐྱོར་ཐོག་ལས་ ལས་འགུལ་དེ་ བཀྲིས་སྒང་ ཝམ་རོང་ཁྲོམ་དང་ བསམ་གྲུབ་ལྗོངས་མཁར་གྱི་ ཕུན་ཚོགས་ཐང་ དེ་ལས་ ཇོ་མོ་གཙང་ཁའི་ གླང་ཅན་ཕུག་ཚུ་ལུ་ རྒྱ་བསྐྱེད་འབད་ནིའི་དོན་ལུ་ གྲོགས་རམ་མ་དངུལ་ དངུལ་ཀྲམ་ས་ཡ་༡.༧༠༧ བྱིན་ནི་ཨིན་པས།
ལས་འགུལ་དེ་གི་ དམིགས་ཡུལ་ངོ་མ་ར་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གཉིསཔོ་དེ་ ཕྱགས་སྙིགས་མེད་པའི་ རྫོང་ཁག་ལུ་ བསྒྱུར་བཅོས་འབད་བའི་ཤུལ་ལས་ རྫོང་ཁག་གཞན་ཁར་ དཔེ་བཟང་པོ་ སྟོན་ནིའི་དོན་ལུ་ཨིནམ་ད་ ལས་འགུལ་དེ་གིས་ རང་བཞིན་གནས་སྟངས་ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *