རང་གི་འདེམས་ཁོངས་རྐྱངམ་གཅིག་ལས་བརྒལ་ ལྟ་སྐོར་འབད་མི་ཆོགཔ་ཨིན་ན?

༉ སྤྱི་ཟླ་༧ པའི་ཚེས་༢ ལུ་ རྒྱལ་ཡོངས་ཚོགས་འདུ་ མཇུག་བསྡུའི་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ སྤྱི་ཚོགས་ཀྱི་ འཐུས་མི་ཅིག་གིས་ འདེམས་ཁོངས་སོ་སོར་ དཔེར་ན་ སློབ་གྲྭ་ཚུ་ནང་ ལྟ་སྐོར་འབད་ཆོགཔ་ཨིན་ན་ཟེར་བསམ་འཆར་བཀོད་མི་དེ་ལུ་ འཐུས་མི་ལ་ལོ་གིས་ ངོས་ལེན་འབད་རུང་ ལ་ལོ་གིས་ ངོས་ལེན་འབད་མ་བཏུབ་པས།
གནད་དོན་དེ་ཡང་ རྒྱལ་ཡོངས་ཚོགས་འདུ་ འཚོགས་པའི་སྐབས་ ལྷུན་རྩེ་སྨན་སྦིས་-བཙན་ཁར་གྱི་འཐུས་མི་ ཆོས་སྐྱིད་རྒྱལ་མཚན་གྱིས་ འབྲུག་མཉམ་རུབ་ཚོགས་པའི་འཐུས་མི་ ཀུན་དགའ་དཔལ་འབྱོར་གྱི་འདེམས་ཁོངས་ སྒང་ཟུར་-སྨིན་རྒྱས་ཀྱི་ ཕུ་ཡུམ་སློབ་གྲྭ་ཆེ་བའི་ནང་ ལྟ་སྐོར་སོང་བའི་ཤུལ་ལས་ ཐོན་ཡོདཔ་ཨིན་པས།
སྒང་ཟུར་-སྨིན་རྒྱས་ཀྱི་ འཐུས་མི་གིས་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་ལུ་ འཐུས་མི་ཆོས་སྐྱིད་རྒྱལ་མཚན་གྱིས་ ཁོ་ལུ་ སྙན་ཞུ་མ་འབད་བར་ ཁོ་རའི་འདེམས་ཁོངས་ནང་ ལྟ་སྐོར་འབད་བར་ སོང་ནུག་ཟེར་ ངག་ཐོག་ལུ་ ཉོགས་བཤད་བཀོད་ནུག།
འཐུས་མི་ཀུན་དགའ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་གིས་ འདེམས་ཁོངས་སོ་སོའི་ནང་ གཞུང་འབྲེལ་ལྟ་སྐོར་འབདཝ་ད་ མིག་དཔེ་ངན་པའི་ སྲོལ་བཙུགས་ཡོདཔ་མ་ཚད་ ཤུལ་མའི་བཙག་འཐུའི་དོན་ལུ་ ལཱ་འབད་ནི་ལུ་ཡང་ གོ་སྐབས་ལེན་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྟ་སྐོར་འབད་མི་ཆོག་ཟེར་ སླབ་མེན་པར་ ད་རེས་ གནད་དོན་དེ་གིས་ སྟབས་མ་བདེཝ་ མ་བྱུང་རུང་ མ་འོངས་པ་ལུ་ དེ་བཟུམ་མའི་ མིག་དཔེ་བཙུགས་ནི་ མི་འོང་ཟེར་ཨིན་པས།
བློན་ཆེན་དང་ ཚོགས་དཔོན་ ལྡོག་ཕྱོགས་འགོ་ཁྲིདཔ་ བློན་པོ་ དེ་ལས་ ཚོགས་དཔོན་འོགམ་ཚུ་གིས་ འདེམས་ཁོངས་ཚུ་ནང་ ལྟ་སྐོར་འབད་ནི་དེ་ ཁོང་རའི་ འགན་ཁུར་ཨིན་ཟེར་ ཀུན་དགའ་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།
ཨིན་རུང་ འཐུས་མི་ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཁོ་ར་ སྲིད་འབྲེལ་ཐོག་ལུ་མེན་པར་ སློབ་དཔོན་དང་ སློབ་ཕྲུག་ཚུ་ ཕྱད་པར་སོང་ཡོདཔ་ལས་ མི་སེར་ཚུ་དང་ ཞལ་འཛོམས་འགོ་འདྲེན་ མ་འཐབ་ཟེར་ཨིན་པས།
ཁོ་གིས་ རྫོང་ཁག་ཤེས་རིག་སྡེ་ཚན་ནང་ ལྷན་ཐབས་འབད་བའི་ ངོས་འཛིན་ལུ་བརྟེན་ སློབ་གྲྭ་གིས་ ཁོ་འོང་དགོཔ་སྦེ་ སླབ་པའི་ཤུལ་ལས་ སོང་ཡི་ཟེར་ཨིནམ་ད་ ཆོས་སྐྱིད་རྒྱལ་མཚན་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༢ ལུ་ ཤེས་རིག་འགོ་དཔོན་སྦེ་ སྡོད་པའི་སྐབས་ ལས་དོན་གྱི་ཐད་ལུ་ གོང་འཕེལ་སྦོམ་སྦེ་ར་ བཏང་ཡི་ཟེར་ཨིན་པས།
འགོ་དཔོན་དང་ སློབ་དཔོན་མང་ཤོས་ཅིག་ སློབ་གྲྭ་དེ་ནང་ ལྟ་སྐོར་ལུ་ འོང་དགོཔ་སླབ་མི་དང་འཁྲིལ་ ཁོ་གིས་ སློབ་གྲྭ་དེ་ནང་ ངན་ལྷད་དང་ བརྩི་མཐོང་ཤེས་ཡོན་གྱི་སྐོར་ལས་ གསལ་བཤད་འབད་བའི་ཁར་ སློབ་དཔོན་ཚུ་དང་ ལོགས་སུ་སྦེ་ ཕྱད་པའི་སྐབས་ ཁ་དར་ཚུ་ཡང་ བྱིན་དེས་ཟེར་ བཤདཔ་ཨིན་པས།
ཆོས་སྐྱིད་རྒྱལ་མཚན་དེ་ ལྡོག་ཕྱོགས་ཚོགས་པའི་ ཤེས་རིག་གི་ ངོ་ཚབ་ཨིནམ་ད་ སྒང་ཟུར་-སྨིན་རྒྱས་ཀྱི་འཐུས་མི་ ཁོ་རའི་ འདེམས་ཁོངས་ནང་ ལྟ་སྐོར་འགྱོ་རུང་ ཁོ་ལུ་ སྟབས་མ་བདེཝ་མེད་ཟེར་ ཁོ་གིས་ བཤད་པའི་ཁར་ ཞལ་འཛོམས་ནང་ བློན་ཆེན་གྱིས་ འཐུས་མི་ཅིག་གིས་ འདེམས་ཁོངས་སོ་སོའི་ནང་ ལྟ་སྐོར་འགྱོ་མ་ཆོགཔ་བཟོ་ནི་ མི་འོང་ཟེར་ གསུངས་ཡོདཔ་བཞིན་དུ་ མ་གཞི་ ཞལ་འཛོམས་ནང་ གནད་དོན་དེ་གི་སྐོར་ལས་ ཐག་བཅད་མ་ཚུགས་རུང་ ལྟ་སྐོར་འགྱོ་བའི་སྐབས་ ཚོགས་དཔོན་ལུ་ སྙན་ཞུ་འབད་དགོཔ་སྦེ་ ངོས་ལེན་བྱུང་ཡི་ཟེར་ བཤདཔ་ཨིན་པས།
འཐུས་མི་ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་འདུའི་ བཅའ་ཁྲིམས་དང་འཁྲིལཝ་ད་ འཐུས་མི་ག་ར་ འདེམས་ཁོངས་ཚུ་ནང་ ལྟ་སྐོར་འབད་ཆོདཔ་སྦེ་ བཀོད་དེ་འདུག་ཟེར་ཨིནམ་ད་ དེ་ཡང་ བཅའ་ཁྲིམས་ ཀྱི་ལེའུ་༧ པའི་དོན་ཚན་༤༣ པའི་ནང་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ འབྲུག་མི་ཡོངས་ཀྱི་ ངོ་ཚབ་ཨིནམ་ལས་ ཁོང་རའི་འགན་ཁུར་ཚུ་ འགྲུབ་པའི་སྐབས་ལུ་ རྩ་ཁྲིམས་ཆེན་མོའི་དམིགས་དོན་དང་ དམངས་ཀྱི་མཐའ་དོན་ རང་སོའི་བསམ་སྤྱོད་ཚུ་གིས་ ལམ་སྟོན་འབད་དགོཔ་སྦེ་ འཁོད་དེ་འདུག་ཟེར་ཨིན་པས།
ཨིན་རུང་ འཐུས་མི་ཀུན་དགའ་དཔལ་འབྱོར་གྱིས་ སླབ་མིའི་ནང་ འཐུས་མི་ཚུ་གིས་ རང་སོའི་འདེམས་ཁོངས་མ་གཏོགས་ སོ་སོར་ཚུ་ནང་ ལྟ་སྐོར་འབད་མི་ཆོག་ཟེར་ཨིནམ་ད་ དཔེར་ན་ ཁོ་གིས་ བློན་ཆེན་དང་ ལྡོག་ཕྱོགས་འགོ་འགོ་ཁྲིདཔ་ དེ་ལས་ ཚོགས་དཔོན་གྱི་ ངོ་ཚབ་འབད་མི་ཚུགས་ཟེར་ བཤདཔ་ཨིན་པས།
ཚོགས་དཔོན་གྱིས་འབད་བ་ཅིན་ འདེམས་ཁོངས་ནང་ ལྟ་སྐོར་འབད་ནི་གི་ གནང་བ་ལེན་མ་དགོ་རུང་ གལ་སྲིད་ འཐུས་མི་ཅིག་གིས་ འདེམས་ཁོངས་སོ་སོའི་ནང་ ལྟ་སྐོར་འབད་དགོ་པ་ཅིན་ ཁོ་ལུ་ སྙན་ཞུ་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
དེ་བཟུམ་མའི་ གནང་བ་ལེན་དགོ་མི་དེ་ གུས་ཞབས་འབད་ནི་དང་ གལ་སྲིད་ སྟབས་མ་བདེཝ་རེ་ འབྱུང་པ་ཅིན་ ཚོགས་དཔོན་གྱིས་ ཤེས་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *