ར་ལྡིཔ་ཚུ་གིས་ འབྱ་འཛུགས་སྐྱོང་འབད་བའི་བསྒང་།

ར་ལྡིཔ་ཚུ་གིས་ དུས་ཅི་ འབྱ་གི་ཐོན་སྐྱེད་ ལེགས་ཤོམ་བསྡུ་ཚུགས་ནི།

༉ ཉི་དྲོད་ག་དེམ་ཅིག་ཚ་རུང་ སྐལ་བཟང་སྒྲོལ་མ་དང་ ཆ་རོགས་ཚུ་ དགའ་འཛུམ་དང་བཅསཔ་སྦེ་ ཨ་རིང་ནང་མཐོང་མི་དེ་ཡང་ ཆར་ཆུ་དུས་ཚོད་ཁར་རྐྱབ་ནི་དེ་གིས་ དུས་ཅི་ ར་ལྡི་ལུ་ འབྱ་གི་ཐོན་སྐྱེད་ ལེགས་ཤོམ་འོང་བའི་ རེ་བ་བསྐྱེད་ནི་དེ་གིས་ཨིན་པས།
ཆརཔ་དུས་ཚོད་ཁར་ ཆརཔ་རྐྱབ་མི་དང་འཁྲིལ་ ར་ལྡི་རྒེད་འོག་གི་ མི་སེར་ཚུ་གིས་ དུས་ཚོད་ཁར་ ལྕང་ལཱ་རྐྱབ་ཚུགས་ནི་དེ་གིས་ འབྱ་གི་ཐོན་སྐྱེད་ འབོར་ཆེ་ཏོག་ཏོ་སྦེ་ ཐོན་པའི་རེ་བ་བསྐྱེད་དོ་ཡོདཔ་ད་ ལྕང་ལཱ་ཚུ་ཡང་ ཧ་ལམ་ མཇུག་བསྡུ་ཡོདཔ་ཨིན་པས།
རྒེད་འོག་ནང་ ལྕང་ལཱ་རྐྱབ་མི་མཇུག་ར་ སྐལ་བའང་སྒྲོལ་མའི་ བཟའ་ཚང་ཚུ་ཨིནམ་ད་ མོ་གིས་ ཆར་ཆུ་ནང་ འབྱ་འཛུགས་འབད་ནི་དེ་གིས་ དུས་ཅི་ ཐོན་སྐྱེད་ལེགས་ཤོམ་འོང་བའི་ རེ་བ་ཡོད་ཟེར་ཨིནམ་ད་ སྤྱི་ཟླ་༩ པའི་ནང་ འབྱ་བསྡུ་ནི་ འགོ་བཙུགསཔ་ཨིན་པས།
ད་ལྟོའི་ གནས་སྟངས་ནང་འབད་བ་ཅིན་ ར་ལྡི་རྒེད་འོག་གི་ ལུང་གཤོང་ཚུ་ སྔོ་ལྗང་དང་ལྡནམ་སྦེ་ མཐོང་པའི་ཁར་ ལྕང་ལཱ་མཇུག་བསྡུ་ཚར་ནི་དེ་གིས་ སོ་ནམ་པ་ཚུ་མང་ཤོས་ར་ ཁྱིམ་ནང་སྡོད་སར་ མཐོངམ་ཨིན་པས།
ཉིན་མའི་ཆུ་ཚོད་༢ དང་ སྐར་མ་༤༥ དེ་ཅིག་ལངམ་ད་ རྡོ་རྗེ་བཀྲིས་དེ་ ཁོ་རའི་ ཨ་རིང་གི་ལཱ་ཚུ་ མཇུག་བསྡུ་ནི་དེ་གིས་ ཉལ་སྡོད་དོ་ཡོདཔ་ད་ ཁོ་གིས་ཡང་ དུས་ཚོད་ཁར་ ལྕང་ལཱ་རྐྱབ་ཚུགས་ནི་དེ་གིས་ ཐོན་སྐྱེད་ལེགས་ཤོམ་འོང་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
རྒེད་འོག་གི་ ཆུ་ཞིང་ཨེ་ཀར་༡༢༥༨ ལྷགཔ་ཅིག་ཡོད་མི་ལས་ ཨེ་ཀར་༡༢༣༨ དེ་ཅིག་ནང་ འབྱ་འཛུགས་སྐྱོང་འབད་ཡོདཔ་ད་ ར་ལྡི་དེ་ ཤར་ཕྱོགས་ལུང་ཕྱོགས་ནང་ལས་ རེད་ཐོན་སའི་ རྒེད་འོག་གཙོ་བོ་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༤ ནང་ རྒེད་འོག་དེ་ནང་ལས་ རེད་མེ་ཊིག་ཊཱོན་༢,༡༤༣ དེ་ཅིག་ཐོན་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ མེ་ཊིག་ཊཱོན་༢༡༨ དེ་ཅིག་ ཡར་སེང་སོང་ཡོདཔ་ད་ ན་ཧིང་གི་ལོ་ནང་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་མི་དང་ གུང་སྟོང་ཐོན་ཏེ་འབད་རུང་ མེ་ཊིག་ཊཱོན་༢,༩༠༩ དེ་ཅིག་ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
རྒེད་འོག་གི་ སོ་ནམ་རྒྱ་བསྐྱེད་ལྟ་རྟོག་པ་ པདྨ་དབང་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ དུས་ཚོད་ཁར་ ཆརཔ་རྐྱབ་མི་དེ་གིས་ ཐོན་སྐྱེད་ལེགས་ཤོམ་ཐོན་ནི་ལུ་ ལྷན་ཐབས་འབདཝ་ཨིན་ཟེར་ཨིནམ་ད་ སོ་ནམ་པ་ཚུ་ལུ་ ཆུའི་གཡུར་བ་ བརྟན་ཏོག་ཏོ་ཅིག་མེདཔ་ལས་ ཆརཔ་ལུ་ བསྒུག་སྡོད་དགོ་པས་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ རེད་ཀྱི་ཐོན་སྐྱེད་ཚུ་ཡང་ འཕྲུལ་གླང་ཚུ་ ལག་ལེན་འཐབ་མི་དང་ ནོར་གྱི་ལུད་ཚུ་ ལག་ལེན་འཐབ་མི་དེ་གིས་ ལོ་བསྟར་བཞིན་དུ་ ཡར་སེང་སོང་སྟེ་ཡོད་ཟེར་ཨིནམ་ད་ ད་ལྟོ་ རྒེད་འོག་དེ་ནང་ འཕྲུལ་གླང་༧༨ ཡོད་མི་ལས་༧༣ དེ་ མི་སེར་ཁོང་ར་གིས་ ཉོ་སྟེ་ཡོདཔ་ཨིན་པས།
ཤར་ཕྱོགས་རྫོང་ཁག་ནང་ རེད་ཀྱི་ཐོན་སྐྱེད་མང་སུ་འབད་མི་གིས་མ་ཚད་ ར་ལྡི་རྒེད་འོག་གིས་ རེད་མ་འདྲཝ་ཚུ་ འཛུགས་སྐྱོང་འབད་ནི་ཡོད་ཟེར་ཨིནམ་ད་ ད་ལྟོ་ རྒེད་འོག་གིས་ རེད་རིགས་༩ དེ་ཅིག་ འཛུགས་སྐྱོང་འབདཝ་ཨིན་པས།
རེད་ཀྱི་ནང་ལས་ རོར་བང་ཟེར་མི་གིས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༦༥ རེ་ འཐོབ་དོ་ཡོདཔ་ད་ སུང་སུང་ཟེར་མི་གིས་ དངུལ་ཀྲམ་༧༠ དང་༧༥ འི་བར་ན་ འཐོབ་དོ་ཡོདཔ་ཨིན་པས།
རོང་བང་རེད་དེ་ གཞན་ཁར་མི་སྐྱེས་དོ་ཡོདཔ་ལས་ མཁོ་མངགས་འབད་མི་ མང་སུ་ཐོནམ་མས་ཟེར་ བདེ་སྐྱིད་གླིང་དང་ཚང་མཁར་གྱི་ཚོགས་པ་ ཕུར་པ་རྡོ་རྗེ་གིས་བཤདཔ་ཨིན་པས།
སོ་ནམ་ཚུ་ལུ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ཚུ་ནང་ལས་ཡང་ མཁོ་མངགས་འབད་མི་ ཐོན་དོ་ཡོདཔ་ད་ སོ་ནམ་པ་ཅིག་གིས་བཤད་མིའི་ནང་ ཁོ་གིས་ དགེ་ལེགས་ཕུག་ལས་ སོར་བང་རེད་ཀེ་ཇི་༡༠༠ མཁོ་མངགས་འབད་མི་ ཐོན་ཏེ་ཡོད་ཟེར་ཨིན་པས།
ཞིང་རྨོ་ནི་མ་གཏོགས་ གཞན་ལཱ་ཚུ་ག་ར་ མི་གིས་འབད་དགོ་དོ་ཡོདཔ་ད་ པདྨ་དབང་ཆེན་གྱིས་ བཤད་མིའི་ནང་ འཛུགས་སྐྱོང་འབད་ནི་དང་ བསྡུ་ནིའི་ལཱ་ཚུ་ཡང་ འཕྲུལ་རིག་གིས་འབད་ཚུགས་པ་ཅིན་ ཐོན་སྐྱེད་ཡར་དྲག་འབད་ཚུགས་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

རྫོང་ཁའི་རྩ་གཞུང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི།

༉ རྫོང་ཁའི་རྩ་གཞུང་ བསྐྱར་ཞིབ་འབད་དེ་ ལྷབ་མི་ཚུ་གིས་ ལྷབ་དགོ་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་དང་བསྟུན་པའི་ རྩ་གཞུང་ཅིག་བཟོ་ནི་ཨིན་པས།རྩ་གཞུང་བཟོ་མི་ སྡེ་ཕྲན་གྱི་འགོ་དཔོན་ རྡོ་རྗེ་དང་འཁྲིལ་བ་ཅིན་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནི་ལུ་ སྤྲོ་བ་དེ་ཅིག་ར་མི་བསྐྱེད་པས་ཟེར་ཨིནམ་ད་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་ར་ …

Leave a Reply

Your email address will not be published. Required fields are marked *