ར་ལྡི་རྒེད་འོག་ནང་ འཛུགས་སྐྱོང་འབད་མི་སྦ་ཚུ།

ར་ལྡི་རྒེད་འོག་ནང་ སྦ་གི་མཁོ་འདོད་བཀོད་མི་ དཀོན་སུ་ཅིག་ལས་མེདཔ།

༉ བཀྲིས་སྒང་ ར་ལྡི་རྒེད་འོག་ནང་ སྦ་ལུ་བརྟེན་ འོང་འབབ་བཟོ་ཚུགས་པའི་འོས་འབབ་ཡོད་རུང་ མཁོ་འདོད་བཀོད་མི་ དཀོན་སུ་ཅིག་ཨིན་པས།
དེ་ཡང་ ཤར་ཕྱོགས་ཁ་ཐུག་ལུ་ བཟོ་སྐྲུན་དང་འབྲེལ་བའི་ལས་སྣ་ གངམ་མེད་པའི་ཁར་ སྦ་ཉོ་མི་ཡང་ དེ་ཅིག་ར་མེདཔ་མི་བརྟེན་ཨིན་པས།
ས་གནས་ཀྱི་མི་ཚུ་གིས་ སླབ་མིའི་ནང་ ལོ་དག་པ་གཅིག་གི་ཧེ་མར་ སྦ་ལུ་བརྟེན་ འོང་འབབ་ལེགས་ཤོམ་སྦེ་ར་ བཟོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ སྦ་ཉོ་མི་དེ་ཅིག་ར་ མི་འཐོན་པས་ཟེར་ཨིན་པས།
ར་ལྡི་རྒེད་འོག་ནང་ གུང་པ་༡༠༩ ག་ར་གིས་ སྦ་འཛུགས་སྐྱོང་འབད་ཡོདཔ་ད་ དེ་ཡང་ ཧེ་མ་ ས་རུད་ཆད་ནི་ལས་ བཀག་ཐབས་འབད་ནི་དང་ ས་ཆ་ཉམས་སྲུང་འབད་ནིའི་དོན་ལུ་ སྦ་འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
རྒཔོ་སྐུ་ལུང་གིས་ སླབ་མིའི་ནང་ ར་ལྡི་ལས་ སྦ་གི་ཐོན་སྐྱེད་འབད་ཚུགས་པའི་ འོས་འབབ་སྦོམ་ཡོདཔ་ཨིན་རུང་ཤར་ཕྱོགས་ཁ་ཐུག་ མཁོ་འདོད་བཀོད་མི་ གངམ་མེདཔ་ལས་ དེ་སྦེ་ར་ ལུས་ཏེ་ཡོད་ཟེར་ཨིན་པས།
སྦ་ནང་འདྲེན་འབད་ནི་བ་ ནང་འཁོད་ལས་ཐོན་མི་སྦ་དེ་ ལག་ལེན་འཐབ་པ་ཅིན་ ཕྱི་དངུལ་རུ་པི་གསོག་འཇོག་འབད་ནི་ལུ་ ཕན་ཐོགས་ནི་མས་ཟེར་ཨིནམ་མ་ཚད་ མི་སེར་ཚུ་ལུ་ཡང་ ཕན་ཐོགས་ནི་མས་ཟེར་ཨིན་པས།
ཨ་ལོ་༢ ཀྱི་ཨའི་ འཕྲིན་ལས་དབང་མོ་གིས་ སླབ་མིའི་ནང་ མ་འོངས་པ་ལུ་ འོང་འབབ་བཟོ་ནི་ལུ་དམིགས་ཏེ་ ལོ་བསྟར་བཞིན་དུ་ ས་གཞི་སྟོངམ་ནང་ སྦ་འཛུགས་སྐྱོང་འབད་དོ་ཟེར་ཨིནམ་ད་ གཞུང་གིས་འབད་རུང་ ཚོང་ལམ་ཅིག་བཟོ་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་རའི་སྦ་མང་ཤོས་ར་ འཁོར་ལམ་ལས་ ཐག་རིང་སར་འབདཝ་ལས་ དེ་ཅིག་ར་ བཙོང་མ་ཚུགས་ཟེར་ཨིནམ་ད་ གུང་པ་ཅིག་གིས་ སྦ་སྣུམ་འཁོར་ཊཱག་༡ འཐོན་ཚུགས་མི་ཡང་ཡོད་ཟེར་ ཨིན་པས།
སྐྱེས་ལོ་༤༥ ལང་མི་ སྒྲོལ་མ་གིས་འབད་བ་ཅིན་ ར་ལྡི་རྒེད་འོག་ནང་ སྦ་འཛུགས་སྐྱོང་མ་འབད་མི་ ག་ཡང་མེདཔ་ལས་ གུང་པ་༢ བསྡོམས་ཏེ་ སྦ་ཊཱག་རེ་ ཐོན་སྐྱེད་འབད་ཚུགས་པའི་ འོས་འབབ་སྦོམ་ཡོད་ཟེར་ཨིན་པས།
དུས་ཅི་ སྦ་ཊཱག་༣༢ ལས་བརྒལ་ བཙོང་མ་ཚུགས་ཟེར་ མོ་གིས་བཤད་པའི་ཁར་ སྦ་ལེ་ཤ་ གཅིག་ཁར་སྐྱེས་བའི་བསྒང་ལས་ སྦ་བཏོག་ནིའི་ཉེན་ཁ་ཡང་ འདུག་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་དང་འཁྲིལ་བ་ཅིན་ གཞུང་ལས་ ལས་འགུལ་དང་ ཡང་ན་ འཕྲུལ་ཁང་ཅིག་སྒོ་ཕྱེ་བ་ཅིན་ རྒེད་འོག་ནང་ལས་ སྦ་བཀྲམ་སྤེལ་འབད་ཚུགས་ནི་མས་ཟེར་ཨིནམ་ད་ ད་ཚུན་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ ཚོང་འབྲེལ་འཐབ་ཡོདཔ་ཨིན་པས།
རྒཔོ་གིས་འབད་བ་ཅིན་ རྒྱ་གར་རྒྱལ་ཁབ་ནང་ སྦ་གིས་ ཤོག་གུ་བཟོ་དོ་ཡོད་པའི་ ལོ་རྒྱུས་ཡོདཔ་ལས་ དེ་བཟུམ་ཅིག་ རྒྱལ་ཁབ་ནང་ཡང་ འཕྲུལ་ཁང་ཆུང་ཀུ་རེ་བཙུགས་པ་ཅིན་ རྒྱལ་ཁབ་ལུ་ ཕན་ཐོགས་ནི་ཨིནམ་མ་ཚད་ ས་གནས་ཀྱི་མི་ ཁྲོམ་ཁར་གནས་སྤོ་འགྱོ་མི་ཡང་ བཀག་ཚུགས་ནི་མས་ཟེར་ཨིན་པས།
ས་གནས་ཀྱི་མི་ཅིག་གིས་ སླབ་མིའི་ནང་ སྦ་ཚོང་འབྲེལ་འཐབ་མ་ཚུགས་པར་ ལོ་༣ དེ་ཅིག་ ཡར་སོ་ཡི་ཟེར་ཨིནམ་ད་ གཞུང་ལས་ སྦ་རེ་ལུ་ དངུལ་ཀྲམ་༡༠ བྱིན་ཏེ་ འཛུགས་སྐྱོང་འབད་ཡི་ཟེར་ཨིནམ་ད་ ད་རེས་ སྦ་རེ་ལུ་དངུལ་ཀྲམ་༡༠༠ རེ་སྦེ་ བཙོང་དོ་ཟེར་ཨིན་པས།
ཀུན་གསལ་གྱིས་ ས་གནས་ཀྱི་ མི་ཚུ་དང་འབྲེལ་བ་འཐབ་པའི་སྐབས་ ད་རེས་ནངས་པར་ སྦ་མང་ཤོས་ར་ ཐབ་ཤིང་དང་ དར་ཤིང་འཕྱར་ནི་ དེ་ལས་ ར་བ་བསྒོར་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཟེར་ བཤད་པའི་ཁར་ ས་གནས་ནང་ སྦ་བཙོང་ས་མེད་པའི་ གདོང་ལེན་ཡོད་ཟེར་ ཨིན་པས།
ར་ལྡི་རྒེད་འོག་ནང་ ཆུ་ཞིང་དང་ ཁྱིམ་གྱི་མཐའ་འཁོར་ལུ་ སྦ་ལེ་ཤ་སྦེ་ འཛུགས་སྐྱོང་འབད་སར་ མཐོང་དོ་ཡོདཔ་ད་ སྦ་ཡང་ ལོ་བཅུ་ཕྲག་གི་ཧེ་མར་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ཧེ་མ་ བཟོ་སྐྲུན་དང་འབྲེལ་བའི་ ལས་སྣ་ལེ་ཤ་ཡོདཔ་ད་ གུང་པ་རེ་གིས་ འོང་འབབ་དངུལ་ཀྲམ་༢༠,༠༠༠ དང་༣༠,༠༠༠ གི་བར་ན་ བཟོ་ཚུགས་ཏེ་འདུག་ཟེར་ སྟོང་ལེན་སྤམ་ཚོགས་པ་ ཤེས་རབ་རྒྱ་མཚོ་གིས་ བཤད་པའི་ཁར་ ད་རེས་ མི་སེར་ཚུ་གིས་ འོང་འབབ་དེ་ཅིག་ར་ བཟོ་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མའི་ནང་ ཁོ་རའི་སྤྱི་འོག་ལས་ སྦ་ཉུང་ཤོས་ར་ སྣུམ་འཁོར་ཊཱག་དོ་༡༠ རེ་ འཐོན་འོང་ཟེར་ཨིནམ་ད་ ཁོ་རའི་སྤྱི་འོག་ནང་འབད་བ་ཅིན་ སྦ་དེ་ ཕ་མའི་བསྒང་ལས་ར་ འཛུགས་སྐྱོང་འབད་དེ་འདུག་ཟེར་ ཨིན་པས།
མི་སེར་ལ་ལོ་ཅིག་གིས་ བཤད་མའི་ནང་ ཆུ་ཞིང་གི་མཐའམ་བདའ་སྟེ་ སྦ་འཛུགས་སྐྱོང་འབད་མི་ རྩྭ་གིས་ ཆུང་ཞིང་ནང་འཛུལ་ཏེ་ ཆུ་ཞིང་མེདཔ་བཏངམ་མ་ཚད་ གྱིབ་མ་ལུ་བརྟེན་ འབྱ་གི་ཐོན་ཤུགས་ལུ་ཡང་ གནོད་པ་རྐྱབ་མས་ཟེར་ཨིན་པས།
རྒེད་འོག་ལས་ ཊཱག་དོ་༡༠༠ དེ་ཅིག་ འཐོན་ཚུགས་པའི་ འོས་འབབ་ཡོད་པའི་ཁར་ གཞུང་དང་འབྲེལ་བའི་ལས་སྡེ་ག་གིས་འབད་རུང་ ཚོང་ལམ་ཅིག་བཏོན་གནང་པ་ཅིན་ མི་སེར་ཚུ་ལུ་ ཕན་ཐོགས་ཚུགས་ནི་མས་ཟེར་ རྒཔོ་གིས་བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། ར་ལྡི།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *