༉ བཀྲིས་སྒང་རྫོང་ཁག་འོག་གི་ ར་ལྡི་རྒེད་འོག་ནང་ ས་ཆ་ཨེ་ཀར་བསྡོམས་༣༥༡༠.༡༡ ཡོདཔ་ཨིན་རུང་ ས་ཆ་ཕྱེད་ཀ་དེ་ཅིག་ བཟའ་སྤྱོད་མ་འབད་བར་ སྟོངམ་སྦེ་བཞག་ཡོདཔ་ཨིན་པས།
ར་ལྡི་དེ་ ཡོངས་གྲགས་ལུ་ ཤར་ཕྱོགས་ལུང་ཕྱོགས་ནང་ རེད་མཐོ་ཤོས་ཐོན་སྐྱེད་འབད་མི་ རྒེད་འོག་ཅིག་སྦེ་ ཆ་བཞགཔ་ཨིན་རུང་ རྫོང་ཁག་སོ་ནམ་ཡིག་ཚང་གི་ གནས་སྡུད་དང་འཁྲིལཝ་ད་ རྒེད་འོག་དེ་གི་ ཆུ་ཞིང་ཨེ་ཀར་༢༠ དེ་ཅིག་ བཟའ་སྤྱོད་མེད་པར་ ལུས་ཡོདཔ་ད་ སྐམ་ཞིང་ཨེ་ཀར་༡༩༤༤.༡༥ ཡང་ བཟའ་སྤྱོད་མ་འབད་བར་ ལུས་ཡོདཔ་ཨིན་པས།
ཨིན་རུང་ ར་ལྡི་རྒཔོ་ ཀུ་གླང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་ཆ་བཟའ་སྤྱོད་མ་འབད་བར་ ལུས་མི་དེ་ ཨེ་ཀར་༢༠ དེ་ཅིག་ལས་ མེདཔ་འོང་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ རྒེད་འོག་ནང་ ཆུ་ཞིང་བཟའ་སྤྱོད་མ་འབད་བར་ བཞག་མི་མེད་ཟེར་བཤདཔ་ཨིན་པས།
དེ་འབདཝ་ལས་ རྒཔོ་གིས་འབད་བ་ཅིན་ ས་ཆ་ བཟའ་སྤྱོད་མ་འབད་བར་ ལུས་ཡོད་པའི་གནས་སྡུད་ངེས་ཏིག་ ཤེས་ཚུགས་ནིའི་དོན་ལུ་ ཞིབ་འཚོལ་ལེགས་ཤོམ་སྦེ་ འབད་དགོཔ་འདུག་ཟེར་ཨིན་པས།
ས་ཆ་བཟའ་སྤྱོད་ མ་འབད་མི་དེ་ཡང་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་བའི་དཀའ་ངལ་དང་ ཞིང་ཆུ་ལེགས་ཤོམ་མེད་མི་ དེ་ལས་ གུང་སྟོང་ཐོན་མི་ཚུ་ལུ་བརྟེན་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ ཌི་ སི་ བྷན་ད་རི་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ནང་ ཞིང་ཆུའི་གཡུར་བ་ ཚུལ་ལྡན་མེད་མི་དེ་གིས་ ས་ཆ་ཚུ་ བཟའ་སྤྱོད་མེད་པར་ལུས་ཏེ་འདུག་ཟེར་ཨིནམ་ད་ ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཞིང་ཆུ་ཚུ་ག་ར་ རོང་ཆུ་ཆུང་ཀུ་རེ་ཡོད་མི་ནང་ལས་ འཐེན་ཏེ་འདུག་ཟེར་ཨིན་པས།
ད་རེས་འབདཝ་ལས་ མི་ཚུ་གིས་ ཞིང་ལཱ་འབད་ནིའི་དོན་ལུ་ ཆརཔ་ལུ་བརྟེན་དོ་ཡོདཔ་ལས་ དུས་ཚོད་ཁར་རྐྱབ་པ་ཅིན་ ལྕང་ལཱ་རྐྱབ་ནི་ལུ་ ལྷན་ཐབས་འབད་དོ་ཡོད་རུང་ དེ་མིན་ རོང་ཆུ་ནང་ལས་ འཐེན་མི་དེ་གིས་ ལང་མི་ཚུགས་པས་ཟེར་ཨིན་པས།
སོ་ནམ་ལྷན་ཁག་དང་ ཇ་པཱན་མཉམ་འབྲེལ་ལས་སྡེ་གིས་ རྒེད་འོག་ནང་ ཞིང་ཆུའི་གཡུར་བ་གསརཔ་ བཟོ་སྐྲུན་འབད་ནི་གི་ འཆར་གཞི་ཡོདཔ་ད་ གཡུར་བའི་ཞིབ་འཚོལ་ཚུ་ བཟོ་སྐྲུན་འབད་ཚར་རུང་ ལྷན་ཁག་གིས་ ཆ་འཇོག་འབད་ནི་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
གཡུར་བ་གསརཔ་དེ་ ཕོངས་མེད་དང་ ར་ལྡི་རྒེད་འོག་གཉིས་ཀྱི་སྦུག་ལུ་ཡོད་མི་ ཡུ་དི་རི་གཙང་ཆུ་ནང་ལས་ འཐེན་ནི་ཨིནམ་ད་ བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་བསྡུ་བའི་ཤུལ་ལས་ ཞིང་ཆུའི་དཀའ་ངལ་ཡོད་མི་དེ་ སེལ་ཚུགས་ནི་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྤྱིར་བཏང་ལུ་ བཀྲིས་སྒང་རྫོང་ཁག་ནང་ ས་ཆ་སྟོངམ་སྦེ་བཞག་མི་དེ་ མཐོ་ཤོས་ཡོད་མི་དེ་ཡང་ ས་ཆ་ལེགས་ཤོམ་མེད་མི་དང་ ལས་མི་མེད་མི་ གུང་སྟོང་ཐོན་མི་ རི་དྭགས་སེམས་ཅན་གྱིས་གནོདཔ་བཀལ་མི་ དེ་ལས་ གནད་དོན་སོ་སོ་ལུ་བརྟེན་ བཟའ་སྤྱོད་མ་འབད་བར་ ལུས་ཡོདཔ་ཨིན་པས།
རྫོང་ཁག་ནང་ ས་ཆ་རྒྱ་ཆེ་དྲགས་སྦེ་ བཟའ་སྤྱོད་མེད་པར་ ལུས་མི་དེ་ ཚ་གྱང་ཅན་གྱི་གནས་སྟངས་ཨིནམ་ལས་ གདོང་ལེན་འབད་ནིའི་དོན་ལུ་ རྫོང་ཁག་གིས་ ཐབས་ལམ་ཚུ་བཏོན་དོ་ཟེར་ཨིནམ་ད་ ཧེ་མ་དང་ཕྱདཔ་ད་ གནས་སྟངས་དེ་ ལེགས་ཤོམ་འགྱོ་དོ་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ དང་༢༠༡༧ གྱི་ གནས་སྡུད་དང་འཁྲིལཝ་ད་ སྐམ་ཞིང་ཨེ་ཀར་༢༡,༥༢༩ དེ་ཅིག་ཡོད་ས་ལས་ ཨེ་ཀར་༧༠༡༥ དེ་ཅིག་ ལག་ལེན་མེད་པར་ལུས་ཡོདཔ་ད་ ཆུ་ཞིང་ཨེ་ཀར་༤༤,༡༠༤ དེ་ཅིག་ཡོད་ས་ལས་ ཨེ་ཀར་༤༨༣ དེ་ཅིག་ནང་རྐྱངམ་གཅིག་ ལཱ་འབད་དེ་ཡོདཔ་ཨིན་པས།
རྫོང་ཁག་གི་ རྒེད་འོག་༡༥ ནང་ མང་ཤོས་ར་ གུང་སྟོང་ཐོན་མི་ལུ་བརྟེན་ ས་ཆ་ཚུ་ སྟོངམ་སྦེ་ལུས་ཡོདཔ་ད་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ གུང་སྟོང་༩༨༣ ཐོན་ཡོད་པའི་ ཐོ་བཀོད་འབད་ཡོདཔ་ད་ དེ་གི་ནང་ལས་ཡང་ བར་མཚམས་རྒེད་འོག་ནང་༡༥༠ ཡོད་མི་དེ མཐོ་ཤོས་ཨིན་པས།
རྫོང་ཁག་ནང་ ས་ཆ་བཟའ་སྤྱོད་མ་འབད་བར་ ལུས་མིའི་གནས་སྟངས་ ཡར་དྲག་གཏང་ཐབས་ལུ་ རྫོང་ཁག་གིས་ མི་སེར་སོ་ནམ་པ་ཚུ་ལུ་ གློག་ཐག་ར་བ་གི་ མཐུན་རྐྱེན་ཚུ་ བྱིན་ཏེ་ཡོདཔ་ཨིན་རུང་ མི་སེར་མང་ཤོས་ཀྱིས་ གློག་ཐག་གི་ བདག་དབང་ལེན་མི་བཏུབ་པས་ཟེར་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྫོང་ཁག་སོ་ནམ་ཡིག་ཚང་གིས་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་དང་ ལཱ་གཡོག་མ་འཐོབ་མི་ ན་གཞོན་ཚུ་ལུ་ སོ་ནམ་གྱི་ལཱ་འབད་ནིའི་ནང་ བཙོན་ཤུགས་བསྐྱེད་བཅུག་ཐབས་ཚུ་ སྒྲིག་དོ་ཡོདཔ་ཨིན་རུང་ ན་གཞོན་ཚུ་གིས་ དང་འདོད་བསྐྱེད་ནི་དེ་ དཀོན་སུ་སྦེ་ ཡོདཔ་ཨིན་པའི་གནས་ཚུལ།
Check Also
རྫོང་ཁའི་རྩ་གཞུང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི།
༉ རྫོང་ཁའི་རྩ་གཞུང་ བསྐྱར་ཞིབ་འབད་དེ་ ལྷབ་མི་ཚུ་གིས་ ལྷབ་དགོ་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་དང་བསྟུན་པའི་ རྩ་གཞུང་ཅིག་བཟོ་ནི་ཨིན་པས།རྩ་གཞུང་བཟོ་མི་ སྡེ་ཕྲན་གྱི་འགོ་དཔོན་ རྡོ་རྗེ་དང་འཁྲིལ་བ་ཅིན་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནི་ལུ་ སྤྲོ་བ་དེ་ཅིག་ར་མི་བསྐྱེད་པས་ཟེར་ཨིནམ་ད་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་ར་ …