བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་ འགོ་འབྱེད་མཛད་པའི་བསྒང་།

ཡོན་ཕུ་ལ་ལུ་ བརྒྱ་འཁོར་མཐོ་རིམ་སློབ་གྲྭ་ འགོ་འབྱེད་འབད་ཡོདཔ།

༉ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ བཀྲིས་སྒང་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་ འགོ་འབྱེད་མཛད་མི་དང་བསྟུན་ ད་ལས་ཕར་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭའི་སློབ་དཔོན་ཚུ་གིས་ ཤེས་ཡོན་རྒྱ་བསྐྱེད་འབད་ནིའི་དོན་ལུ་ མཐོ་རིམ་གོང་མའི་ཤེས་ཡོན་ སྦྱང་ཚུགས་ནི་ཨིན་པས།
བརྒྱ་འཁོར་མཐོ་རིམ་སློབ་གྲྭ་དེ་ དུས་ཅི་ སྤྱི་ཟླ་༧ པའི་ནང་ ཨིང་ལིཤ་ཆོས་ཚན་གྱི་ སློབ་དཔོན་༣༢ ཀྱིས་ གོ་སྐབས་ལེན་མི་དང་བསྟུན་ ཕྱི་རྒྱལ་ལས་ ལེགས་སྦྱར་བ་༢ དང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ལེགས་སྦྱར་བ་༡ གིས་ སློབ་སྟོན་འབད་དོ་ཡོདཔ་ཨིན་པས།
ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་དེ་ ལོ་དག་པ་ཅིག་གི་རིང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ འཛིན་སྐྱོང་འཐབ་ནི་ཨིན་མི་དེ་ཡང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དེ་ རྙིངམ་ཨིན་པའི་ཁར་ མཁས་མཆོག་དང་ལྡན་པའི་ ལེགས་སྦྱར་བ་ཚུ་ཡོད་ནི་དེ་གིས་ཨིནམ་ད་ ཨིན་རུང་ མ་འོངས་པ་ལུ་ འཛིན་སྐྱོང་སོ་སོར་སྦེ་ འབད་ནི་ཨིན་ཟེར་ ཤེས་རིག་བློན་པོ་ནོར་བུ་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཤེས་རིག་བློན་པོ་གིས་འབད་བ་ཅིན་ ཤུལ་ལས་ བརྒྱ་འཁོར་མཐོ་རིམ་སློབ་གྲྭའི་ ཆོས་ཚན་གྲངས་སུ་ རང་བཞིན་གནས་སྟངས་དང་ དཔལ་འབྱོར་ བྱུང་རབས་ རྩིས་ལ་སོགས་པའི་ ཆོས་ཚན་༨ དེ་ཅིག་ བཙུགས་ནི་ཨིནམ་མ་ཚད་ སྦྱོང་བརྡར་བ་༦༠༠ དེ་ཅིག་ བཙུགས་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ བརྒྱ་འཁོར་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་བའི་སྐབས་ གཙོ་འཛིན་སྦེ་ཕྱག་ཞུ་མི་དེ་ གནས་སྐབས་ཅིག་གི་དོན་ལུ་ཨིན་པའི་ཁར་ ཤེས་རབ་རྩེ་ལས་ ཡོན་ཕུ་ལ་ལྷོད་ནི་ལུ་ དུས་ཡུན་སྐར་མ་༡༠ དེ་ཅིག་ལས་ མ་འགོར་ནི་དེ་གིས་ འཛིན་སྐྱོང་འཐབ་ནི་ལུ་ དཀའ་ངལ་མིན་འདུག་ཟེར་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ རྒྱལ་འཛིན་གཙུག་ལག་སློབ་སྡེ་༢ ཀྱིས་ མཉམ་རུབ་ཐོག་ལས་ སྤྱི་ཟླ་༧ པའི་ནང་ ཨིང་ལིཤ་ཆོས་ཚན་གྱི་ སློབ་དཔོན་༣༢ ལུ་ མཐོ་རིམ་གོང་མའི་སློབ་སྟོན་འབད་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ འདས་པའི་ལོ་༢ ཀྱི་ནང་འཁོད་ལུ་ ཤར་ཕྱོགས་ལུང་ཕྱོགས་ནང་ མཐོ་རིམ་སློབ་གྲྭ་༤ གཞི་བཙུགས་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༥ ལུ་ བདེ་བ་ཐང་ འཇིགས་མེད་རྣམ་རྒྱལ་བཟོ་རིག་སྤེལ་ཁང་དེ་ བཟོ་རིག་མཐོ་རིམ་སློབ་གྲྭ་སྦེ་ གཞི་བཙུགས་འབད་བའི་ཤུལ་ལས་ དུས་ཅི་ བཀྲིས་གཡང་རྩེ་བཟོ་རིག་བཅུ་གསུམ་སྤེལ་ཁང་དེ་ བཟོ་རིག་བཅུ་གསུམ་དང་ རིག་གནས་ཀྱི་མཐོ་རིམ་སློབ་གྲྭ་ལུ་ ཡར་སེང་འབད་ཡི་ཟེར་ཨིན་མས།
དེ་ལས་ རྒྱལ་ཁབ་ནང་ཁག་ཆེ་བའི་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་དང་ ཁ་ཙ་ བརྒྱ་འཁོར་མཐོ་རིམ་སློབ་གྲྭ་ འགོ་འབྱེད་འབད་མི་ཚུ་ཨིན་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭ་ཚུ་ གཅིག་བ་གཅིག་ཁག་ཆེ་མི་དེ་ཡང་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་གིས་ རྒྱལ་ཁབ་ནང་ཁག་ཆེ་བའི་ བཟོ་རིག་འགོ་དཔོན་ཚུ་ལུ་ སྦྱོང་བརྡར་བྱིན་ནི་དང་ བཀྲིས་གཡང་རྩེ་བཟོ་རིག་བཅུ་གསུམ་དང་ རིག་གནས་མཐོ་རིམ་སློབ་གྲྭ་གིས་ འཛམ་གླིང་ནང་ གཞན་དང་མ་འདྲ་བའི་ སྔར་སྲོལ་ལམ་ལུགས་ཡོད་མི་ཚུ་ བདག་འཛིན་འཐབ་ཚུགས་པའི་ཁར་ ཡར་དྲག་གཏང་ཚུགས་ཟེར་ཨིན་པས།
བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ལུ་བརྟེན་ མི་སྡེ་གོང་འཕེལ་གཏང་ནིའི་དོན་ལུ་ གཞི་འགྱམ་ཁག་ཆེ་བའི་ བརྡ་དོན་འཕྲུལ་རིག་ཨིནམ་ལས་ རྒྱལ་ཁབ་གོང་འཕེལ་གཏང་ཚུགས་ནི་ཨིནམ་བཞིན་དུ་ ལྷག་པར་དུ་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་གིས་ རྒྱལ་ཁབ་ཀྱི་ མི་སྟོབས་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ལས་ཚུར་ སློབ་དཔོན་ཚུ་ མི་སྟོབས་གོང་འཕེལ་གཏང་ནིའི་ལས་རིམ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ གཞུང་གིས་ མ་དངུལ་ དངུལ་ཀྲམ་ས་ཡ་༡༠༦ གནང་ཡོདཔ་མ་ཚད་ དུས་ཅི་ དངུལ་ཀྲམ་ས་ཡ་༡༠༨ གནང་སྟེ་ཡོད་ཟེར་ཨིན་པས།
ཤེས་རིག་དེ་ དྲག་ཤོས་ཅིག་སྦེ་ བཟོ་དགོ་པ་ཅིན་ སློབ་དཔོན་ཚུ་གི་ ཁྱད་རིག་ཡར་སེང་འབད་དགོཔ་ད་ ད་ལྟོ་ སློབ་དཔོན་མང་ཤོས་ཅིག་ར་ མཐོ་རིམ་ཤེས་ཚད་མ་གཏོགས་ མཐོ་རིམ་གོང་མའི་ཤེས་ཚད་མེདཔ་ལས་ སློབ་དཔོན་ཚུ་ལུ་ གོ་སྐབས་བྱིན་ནི་དེ་ ཁག་ཆེ་ཟེར་ཨིན་པས།
སློབ་དཔོན་ཚུ་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་ནི་ལུ་ སྤྲོ་བ་ཡོད་རུང་ གོ་སྐབས་ཐོབ་མ་ཚུགས་པར་ ལུས་མི་དེ་ ད་ལས་ཕར་
ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་གིས་ བྱིན་ཚུགས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཡོན་ཕུ་ལ་ནང་འཁོད་གནམ་གྲུ་ཐང་དེ་ཡང་ ཁ་ཙ་ བློན་ཆེན་མཆོག་གིས་ འགོ་འབྱེད་མཛད་ཡོད་པའི་གནས་ཚུལ།

ཡོན་ཕུ་ལ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *