དབྱངས་ཅན་ལྷ་མོ་གིས་ བཞེས་སྒོ་འབད་བའི་བསྒང་།

ཡོན་ཕུ་ལ་ལུ་ བཟའ་ཚང་རྒན་རྒས་གཉིས་ འཚོ་སྐྱོང་འཐབ་མ་ཚུགས་པའི་ དཀའ་སྡུག་མྱོང་དོ་ཡོདཔ།

༉ འདས་པའི་ཞག་གསུམ་དེ་ཅིག་ དབྱངས་ཅན་ལྷ་མོ་གིས་ ཕྱི་རུ་ཞག་ལེགས་ཤོམ་སྦེ་ ཉལ་མ་ཚུགས་མི་དེ་ཡང་ མོ་རའི་རྨགཔ་དེ་ བཞེས་སྒོ་བཟའ་མ་ཚུགསཔ་ ཐལ་སོ་ནི་དེ་གིས་ཨིན་པས།
དེ་ཡང་ མོ་གི་རྨགཔ་ སྐྱེས་ལོ་༦༧ ལང་མི་ ལས་སྐྱིད་ཀྱིས་ ཆང་ཚད་ལས་བརྒལ་ཏེ་ འཐུང་མི་ལུ་བརྟེན་ བཞེས་སྒོ་བཟའ་མ་ཚུགས་པའི་ཁར་ མལ་ཆ་ནང་ ནདཔ་ཐོན་ནི་དེ་གིས་ཨིན་པས།
ཁོ་གི་རྨགཔ་དེ་ མ་ན་བ་ཅིན་ མོ་ར་ ལཱ་སར་འགྱོ་བའི་སྐབས་ ཁོ་གིས་ བཞེས་སྒོ་འབད་བྱིན་ནི་ཡོད་ཟེར་ཨིནམ་ད་ མོ་ར་ ལཱ་སར་འགྱོ་བ་ཅིན་ རྨགཔ་དེ་ མི་ཤི་ག་མནོ་བའི་ ཚ་གྱང་ལངམ་མས་ཟེར་ དབྱངས་ཅན་ལྷ་མོ་གིས་ སླབ་པའི་ཁར་ ཁོང་གཉིས་ལུ་ བུ་གཞི་ཡང་མེདཔ་ཨིན་པས།
བུ་གཞི་མེད་པའི་ཁར་ རྨགཔ་གིས་ ཆང་ནད་ཐོབ་སྡོད་ནི་དེ་གིས་ ཚ་གྱང་སྦོམ་ཕོག་སྟེ་ཡོད་པའི་ཁར་ ཁྱིམ་ནང་འོང་འབབ་བཟོ་མི་ཡང་ མོ་ར་རྐྱངམ་གཅིག་ཨིནམ་ལས་ མོ་གིས་ གླ་བཏགས་ཏེ་ འཚོ་སྐྱོང་འཐབ་སྡོདཔ་ཨིན་པས།
སྐྱེས་ལོ་༦༡ ལང་མི་ དབྱངས་ཅན་ལྷ་མོ་གིས་ ཡོན་ཕུ་ལ་དང་ བཀྲིས་སྒང་ལུ་ཡོད་མི་ ཁྱིམ་ཚང་ཚུ་གི་ལཱ་འབད་དེ་ འོང་འབབ་དུམ་གྲ་རེ་ བཟོ་དོ་ཡོདཔ་ད་ མོ་ར་ ལཱ་སར་ལས་ ལོག་འོངམ་ད་ ཐབ་ཤིང་དང་ ཆུ་འབག་སྐྱེལ་དོ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ཁོང་གཉིས་ དབྱངས་ཅན་ལྷ་མོའི་ ཨ་ཞེམོ་དང་གཅིག་ཁར་ བཀང་ལུང་ལུ་སྡོདཔ་ཨིན་རུང་ ཨ་ཞེམོ་མོ་ར་གྱོངས་སོ་བའི་ཤུལ་ལས་ སྡོད་ས་མེད་པར་ ཡོན་ཕུ་ལའི་ས་ཁོངས་ནང་ལས་ཕར་ ལོ་བདུན་དེ་ཅིག་གི་རིང་ ག་ལྷོད་གཞིས་སྤོ་ཡི་ར་ སྡོད་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ བསོད་ནམས་རྒྱལ་མཚན་གྱིས་ བཤད་མིའི་ནང་ ཁོང་བཟའ་ཚང་གཉིས་ ཁོ་གི་གཡུས་ཚན་གྱི་ཉེ་འདབས་ལུ་ཡོད་མི་ མ་ཎི་དུང་འཁོར་ནང་ ཞག་དག་པ་ཅིག་སྡོད་སར་ མཐོང་བའི་ཤུལ་ལས་ གནས་སྐབས་ཀྱི་ཁྱིམ་ཅིག་ རྐྱབ་བྱིན་མི་དེ་ནང་ སྡོད་དོ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ཁོང་གཉིས་ མི་ཚུ་གིས་ ས་གོ་ནང་ སྡོད་མ་བཅུག་པར་ བདའ་བཏང་སར་ མཐོང་ཡི་ཟེར་ཨིནམ་ད་ དེ་ཡང་ ཁྱིམ་གྱི་ཇོ་བདག་ལ་ལོ་གིས་ དོན་དག་ཡོདཔ་སྦེ་ བདའ་བཏང་དོ་ཡོད་རུང་ ལ་ལོ་གིས་འབད་བ་ཅིན་ ལས་སྐྱིད་ཀྱིས་ ཆང་འགྲངས་ཏེ་ འབད་བཞག་རྔམ་སི་སི་འབད་མི་ལུ་བརྟེན་ བདའ་བཏངམ་མས་ཟེར་ཨིན་པས།
རྣམ་རྒྱལ་རྡོ་རྗེ་གིས་ བཤད་མིའི་ནང་ ཁོང་གཉིས་ཀྱི་གནས་སྟངས་ སྐྱོ་དྲགས་འགྱོ་སར་མཐོང་སྟེ་ ཆ་རོགས་ཚུ་དང་གཅིག་ཁར་ ཁ་སླབ་སྟེ་ ལྕགས་ཤོག་རྙིངམ་ཚུ་བསྡུ་ཞིནམ་ལས་ ཁྱིམ་རྐྱབ་བྱིན་ཡི་ཟེར་ཨིནམ་ད་ སྐྱེས་ལོ་༥༧ ལང་མི་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ མི་གཞན་གྱིས་བདའ་བཏང་སར་མཐོངམ་ད་ ཕངས་སི་སིའི་གནས་སྟངས་ཅིག་ཨིན་རུང་ ད་ལྟོའི་ཁྱིམ་ནང་ལས་ བདའ་བཏང་མི་ མ་ཐོན་ཟེར་ཨིན་པས།
ད་རེས་ ཁོང་གཉིས་ ཡོན་ཕུ་ལ་གནམ་ཐང་གི་འོག་ལུ་ སོ་ནམ་ཞིང་ལམ་གྱི་འོག་ལུ་ སྦ་སྒོར་ཅིག་རྐྱབ་སྟེ་ཡོདཔ་ད་ དབྱངས་ཅན་ལྷ་མོ་གིས་ སླབ་མིའི་ནང་ མི་ཚུ་གིས་ དེ་བཟུམ་མའི་ ཁྱིམ་རྐྱབ་བྱིན་མི་ལུ་ དགའ་ཚོར་ཡོད་ཟེར་བཤདཔ་ཨིན་རུང་ ནུབ་མོ་མི་ཚུ་གིས་ རྡོ་བླུགས་ནི་དེ་གིས་ ལྕགས་ཤོག་ཚུ་ མེདཔ་བཏང་ཡོད་རུང་ སྙན་ཞུ་འབད་ས་ ག་ཏེ་ཡང་མིན་འདུག་ཟེར་ སླབ་ནི་འདུག།
དབྱངས་ཅན་ལྷ་མོ་གིས་ མོ་ར་ ལཱ་སར་འགྱོ་བའི་སྐབས་ མོ་རའི་རྨགཔ་དེ་ མི་ཤི་ག་མནོ་བའི་སྡུག་བསྔལ་ཕོགཔ་མས་ཟེར་ཨིན་པའི་ཁར་ མོ་ར་ ལཱ་སར་མ་འགྱོ་བ་ཅིན་ ཁྱིམ་ནང་འཚོ་སྐྱོང་གི་ དཀའ་ངལ་འཐོན་ནི་མས་ཟེར་ སྔུ་ཡི་ར་ སླབ་ཨིན་པས།
ཡོན་ཕུ་ལ་ཚོགས་པ་ གླ་རྔ་རྡོ་རྗེ་གིས་ བཤད་མིའི་ནང་ ཁོང་གཉིས་ཀྱི་མི་རྩིས་དེ་ རྒེད་འོག་ནང་མེདཔ་ལས་ སྐྱིད་སྡུག་གི་དོན་ལུ་ ལཱ་འབད་ནི་ལུ་ཡང་ ལཱ་ཁག་འདུག་ཟེར་བཤད་པའི་ཁར་ ཁོང་གཉིས་ལུ་ སྐྱིད་སྡུག་བྱིན་པ་ཅིན་ ད་རུང་ རྒེད་འོག་ཕྱི་ཁའི་མི་ཚུ་གིས་ཡང་ རྒེད་འོག་ནང་འོང་སྡོད་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
རྒེད་འོག་གིས་ གྲོགས་རམ་མི་འབད་ཟེར་མིན་པར་ ལས་སྐྱིད་ཁོ་ར་ དར་དཀར་ནང་ལས་ཨིན་པའི་ཁར་ ཁོ་ར་ ཁས་བླངས་དམག་མི་ནང་ འཛུལ་བའི་ཤུལ་ལས་ ལོ་ངོ་༣༠ དེ་ཅིག་གི་ཧེ་མར་ བཀང་ལུང་ལུ་ལྷོད་དེ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སྲུང་རྒྱབ་ཀྱི་ ལཱ་འབད་དེ་སྡོད་ཡོདཔ་ད་ དབྱངས་ཅན་ལྷ་མོ་ མོ་ར་ མཁའ་གླིང་ལས་ཨིནམ་ལས་ ཁོང་གཉིས་གཉེན་རྐྱབ་སྟེ་ ལོ་ངོ་༢༨ དེ་ཅིག་ ལང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *