ཡོན་ཕུ་ལ་ལུ་ བཞུགས་སུ་གསོལ་མི་ ཇོ་བོ་སྨོན་ལམ་གང་ཐེབས་བོད་ལྷ་ས་ལས་ གདན་འདྲེན་ཞུ་ཡོདཔ།

༉ འཛམ་གླིང་ནང་ ཡོངས་གྲགས་ཅན་གྱི་ ནང་རྟེན་བྱིན་ཅན་ བོད་ལྷ་སའི་ཇོ་བོ་དང་ དབྱེ་བ་མེདཔ་ཅིག་ བཀྲིས་སྒང་ ཡོན་ཕུ་ལ་ ཨྱོན་མདོ་སྔགས་ཆོས་འཁོར་གླིང་ དགོན་པ་ལུ་ཡོད་རུང་ དེའི་སྐོར་ལས་ འབྲུག་མི་མང་ཤོས་ཅིག་གིས་ ལེགས་ཤོམ་སྦེ་ མི་ཤེས་དོ་ཡོདཔ་ཨིན་པས།
ལོ་རྒྱུས་དུམ་གྲ་རེ་ ཤེས་མི་ཚུ་གིས་ ཡོན་ཕུ་ལའི་ཇོ་བོ་ལུ་ ཕྱག་མཆོད་ཕུལ་དོ་ཡོདཔ་ཨིན་རུང་ ཁ་གསལ་སྦེ་ ཤེས་མི་ཚུ་གིས་ དམིགས་བསལ་དུ་ ཨ་ལོའི་དངོས་གྲུབ་ཞུ་བར་ འགྱོ་དོ་ཡོདཔ་ཨིན་པས།
ད་ཚུན་ ཇོ་བོའི་སྐུ་མདུན་ལས་ ཨ་ལོའི་དངོས་གྲུབ་ཞུ་མི་ཚུ་གིས་ དངོས་གྲུབ་ཐོབ་ཡོདཔ་མ་ཚད་ ཇོ་བོ་ལུ་བརྟེན་མི་ཚུ་གི་ བསམ་དོན་གྲུབ་ཚུགས་ནི་དེ་གིས་ སྨོན་ལམ་གང་བཏབ་གྲུབ་པའི་ ཇོ་བོ་ཟེར་ཡང་ ཞུ་དོ་ཡོདཔ་ཨིན་པས།
བོད་ལྷ་སའི་ ཇོ་བོ་རིན་པོ་ཆེ་དང་ ཅོག་འཐདཔ་སྦེ་ཡོད་མི་ ཇོ་བོའི་སྐུ་འདྲ་དེ་ སྐུ་འདྲའི་ཚད་གཞི་དང་ཐིག་ཚད་ཚུ་ ལྷ་ས་ཇོ་བོ་ལས་ ཞུ་ཡོདཔ་མ་ཚད་ སྐུ་འདྲ་དེ་ ལྷ་ས་ལུ་ བཞེངས་པའི་ཤུལ་ལས་ འབྲུག་ལུ་ གདན་འདྲེན་ཞུ་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལ་བ་ཅིན་ ཡོན་ཕུ་ལའི་ཇོ་བོ་དེ་ སྤྱི་ལོ་༡༩༤༤ ལུ་ བོད་ལྷ་ས་ལུ་སྦེ་ གྲུབ་དབང་བླམ་བསོད་ནམས་བཟང་པོ་ཟེར་ ཡོངས་གྲགས་ལུ་ ཡོང་ལ་མེ་མེ་བླ་མ་ཟེར་ ཞུ་མི་དེ་གིས་ བཞེངས་ཡོདཔ་ཨིན་པས།
དེ་ཡང་ བཀྲིས་སྒང་ རྫོང་དཔོན་འཕྲིན་ལས་སྟོབས་རྒྱས་ཀྱིས་ ཡོན་ཕུ་ལ་ལུ་ གཙུག་ལག་ཁང་ཅིག་ བཞེངས་ནིའི་ཐུགས་བཞེད་གནང་སྟེ་ བླམ་བསོད་ནམས་བཟང་པོ་དང་ བླམ་སྨོན་ལམ་རབ་བཟང་གཉིས་ལུ་ གྲོས་བསྟུན་འབད་བའི་སྐབས་ ངོས་ལེན་བྱུང་མི་ལུ་བརྟེན་ གཙུག་ལག་ཁང་བཞེངས་ནི་སྦེ་ གྲོས་འཆམ་བྱུང་ཡོདཔ་ཨིན་པས།
རྫོང་དཔོན་འཕྲིན་ལས་སྟོབས་རྒྱས་ཀྱིས་ གཙུག་ལག་ཁང་བཞེངས་ནིའི་ སྦྱིན་བདག་འབད་ནི་སྦེ་ ཁས་བླངས་འབད་ཡོདཔ་ད་ རྟོགས་ལྡན་བླམ་སྨོན་ལམ་རབ་བཟང་གིས་ གཙུག་ལག་ཁང་གི་ བཀོད་རིས་བཟོ་སྟེ་ ས་བསླང་རྟེན་འབྲེལ་ལ་སོགས་པའི་ ཆོ་ག་གནང་ནིའི་ཁས་བླངས་ཕུལ་ཡོདཔ་བཞིན་དུ་ གྲུབ་དབང་བསོད་ནམས་བཟང་པོ་གིས་ གཙུག་ལག་ཁང་གི་ ནང་རྟེན་ཚུ་ཕུལ་ནིའི་ ཁས་བླངས་འབད་ནུག།
ཁས་བླངས་དང་བསྟུན་ སྤྱི་ལོ་༡༩༤༤ བླམ་སྨོན་ལམ་རབ་བཟང་གིས་ གཙུག་ལག་ཁང་གི་ བཀོད་རིས་བཟོ་ནི་འགོ་བཙུགས་པའི་སྐབས་ རྫོང་དཔོན་འཕྲིན་ལས་སྟོབས་རྒྱས་ཀྱིས་ ཇོ་བོའི་སྐུ་འདྲ་བཞེངས་ནིའི་ཟད་འགྲོ་དང་ གྲུབ་དབང་བསོད་ནམས་བཟང་པོ་ ལྷ་ས་ལུ་བཞུགས་པའི་རིང་ ཟད་འགྲོ་ གྲ་སྒྲིག་འབད་དེ་ མེ་མེ་བླ་མ་ བོད་ལྷ་ས་ལུ་བྱོན་ནུག།
གྲུབ་དབང་བསོད་ནམས་བཟང་པོ་དང་ བླམ་སྨོན་ལམ་རབ་བཟང་གཉིས་ བོད་ལུ་ འགྲན་ཟླ་དང་བྲལ་བའི་བླམ་ རྟོགས་ལྡན་ཤཱཀྱ་ཤྲཱིའི་ཞལ་སློབ་ ཉི་མ་དང་ ཟླ་བ་བཟུམ་སྦེ་ཨིནམ་ད་ ད་རེས་ རྒྱལ་ཁབ་ནང་ ཁོང་གཉིས་ཀྱི་མཛད་ཤུལ་ ལེ་ཤ་མཇལ་ནི་འདུག།
བླམ་བསོད་ནམས་བཟང་པོ་ ལྷ་ས་ལུ་ཕེབས་པའི་ཤུལ་ལས་ འཇིམ་བཟོཔ་འཚོལ་ཏེ་ ཇོ་བོའི་སྐུ་མདུན་ལས་ བཟོ་བཀོད་དང་ ཐིག་ཚད་ཞུ་ཞིནམ་ལས་ ཇོ་བོའི་སྐུ་འདྲ་ བཞེངས་ནི་འགོ་བཙུགས་ནུག།
ལོ་རྒྱུས་དང་འཁྲིལ་བ་ཅིན་ ཇོ་བོའི་སྐུ་འདྲ་ བཞེངས་བཞུགས་པའི་སྐབས་ བླམ་བསོད་ནམས་བཟང་པོ་གིས་ ལྷ་ས་ཇོ་བོའི་སྐུ་འདུན་ལུ་ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ འབུམ་ཚར་༡ གནང་ཡོདཔ་མ་ཚད་ སྐུ་འདྲ་ཞུ་བའི་སྐབས་ ལམ་བདའ་སྟེ་ བར་ཆད་མི་འབྱུང་ནིའི་དོན་ལུ་ གསེར་ཀོང་ཅིག་ནང་ མར་མེ་ཕུལ་ཏེ་ ཐུགས་སྨོན་ གནང་བའི་ཤུལ་ལས་ སྐུ་འདྲ་དེ་ ཡོན་ཕུ་ལ་ལུ་ བར་ཆད་ག་ནི་ཡང་མེད་པར་ གདན་འདྲེན་ཞུ་ཡོདཔ་ཨིན་པས།
དེ་བསྒང་ བླམ་སྨོན་ལམ་རབ་བཟང་གིས་ གཙུག་ལག་ཁང་ ཕྱི་བསྒྲུབས་ནང་བསྒྲུབས་མཛད་གནང་སྟེ་ ནང་རྟེན་གཙོ་བོ་ལུ་ བསྒུགས་བཞུགས་ཡོདཔ་ད་ ནང་རྟེན་གཙོ་བོ་ གཙུག་ལག་ཁང་ནང་ བཞུགས་སུ་གསོལ་བའི་ཤུལ་ལས་ བསྟན་པའི་སྦྱིན་བདག་ རྫོང་དཔོན་འཕྲིན་ལས་སྟོབས་རྒྱས་དང་ རྟོགས་ལྡན་རྣམ་༢ འཛོམས་ཐོག་ལས་ ཇོ་བོའི་སྐུ་འདྲ་ཆེན་མོ་ལུ་ བཀྲིས་རབ་གནས་ རྒྱས་ཞིང་རྒྱསཔ་སྦེ་ ཕུལ་གནང་ནུག།
ད་རེས་ གཙུག་ལག་ཁང་ནང་བཞུགས་མི་ ཡོན་ཕུ་ལ་རིན་པོ་ཆེ་གིས་ གསུངས་མིའི་ནང་ ཇོ་བོ་རིན་པོ་ཆེ་མཆོག་གི་ སྐུ་འདྲ་ལུ་ བླམ་བསོད་ནམས་བཟང་པོ་དང་ བླམ་སྨོན་ལམ་རབ་བཟང་རྣམ་གཉིས་ཀྱིས་ རབ་གནས་གནང་པའི་སྐབས་ སྐུ་འདྲ་དེ་ སོར་༢ སྐུ་བཞེངས་ཡོད་པའི་ ལོ་རྒྱུས་ཡོད་ཟེར་ཨིནམ་ད་ ད་རེས་ ཇོ་བོ་རིན་པོ་ཆེ་མཇལ་བའི་སྐབས་ ཞལ་དང་ སྐུ་གཟུགས་ གཟི་བརྗིད་ དེ་ལས་ དབྱིབས་ལ་སོགས་པ་ཚུ་ ལྷ་ས་ཇོ་བོ་དང་ དབྱེ་བ་ག་ནི་ཡང་མེདཔ་སྦེ་ མཇལ་དོ་ཨིན་པས།
དེ་བསྒང་ གྲུབ་དབང་བསོད་ནམས་བཟང་པོ་གིས་ ཇོ་བོའི་སྐུ་འདྲ་དང་གཅིག་ཁར་ འཕགས་པ་སྤྱན་རས་གཟིགས་དང་ ཇོ་བོའི་སྐུ་འདྲ་ཆུང་ཀུ་ཅིག་ཡང་ བསྣམས་བྱོན་ཡོདཔ་ད་ ལྷ་ས་ལུ་ བདུན་ཕྲག་༡ གི་རིང་ གསུང་བྱོན་མི་ ཇོ་བོའི་སྐུ་འདྲ་དེ་ ད་རེས་ ལྷུན་རྩེ་རྫོང་ནང་ཡོདཔ་ད་ སྤྱན་རས་གཟིགས་ཀྱི་སྐུ་འདྲ་དེ་ རྫོང་ཁག་གི་ གསེར་གཞོང་ལྷ་ཁང་ནང་ ཡོདཔ་ཨིན་པས།
ཡོན་ཕུ་ལའི་གཙུག་ཁང་དེ་ རྫོང་དཔོན་འཕྲིན་ལས་སྟོབས་ཀྱིས་ བདག་འཛིན་མཛད་དེ་ བཞུགས་པའི་བར་ན་ སྤྱི་ལོ་༡༩༥༢ ལུ་ ཁོ་རའི་སྐུ་ཚེ་ལུ་ བར་ཆད་བྱུང་སྟེ་ འཇིག་རྟེན་ཕྱི་མའི་ལམ་ལུ་ བྱོན་པའི་ཤུལ་ལས་ སྤྱི་ལོ་༡༩༥༨ ལུ་ གཙུག་ལག་ཁང་དེ་ ཁོ་རའི་བུ་གཞི་ཚུ་གིས་ རྟོགས་ལྡན་བླམ་དཀར་པོ་ལུ་ ཕུལ་ནུག།
ད་རེས་ ཡོན་ཕུ་ལ་རིན་པོ་ཆེའི་ཡབ་ རྟོགས་ལྡན་བླམ་དཀར་པོ་ མཚན་ངོ་མ་ མྱོ་སྟོན་ཚེ་དབང་དཔལ་འབྱོར་གྱིས་ རྩིས་ལེན་གནང་པའི་ཤུལ་ལས་ སྒོམ་ཆེན་གྱི་སྡེ་ གཞི་བཙུགས་གནང་ཡོདཔ་མ་ཚད་ གཙུག་ལག་ཁང་དེ་ཡང་ ཉམས་གསོ་ཞུ་ནུག།
རྟོགས་ལྡན་བླམ་དཀར་པོ་དེ་ འབྲུག་ལས་ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་གི་ ཞལ་སློབ་དང་པ་ཨིནམ་ད་ གཙུག་ལག་ཁང་དེ་ཡང་ རྒྱལ་ཁབ་ནང་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཆོས་འཁོར་ བདུད་འཇོམས་གཏེར་གསར་ འཛིན་སྐྱོང་སྤེལ་མི་ གཙུག་ལག་ཁང་ དང་པ་ཅིག་ལུ་གྱུར་སོ་ནུག།
ཡོན་ཕུ་ལ་ལུ་ བདུད་འཇོམས་གཏེར་གསར་གྱི་ ཆོས་འཁོར་འགོ་ཐོག་ གཞི་བཙུགས་གནང་ནིའི་ ལུང་བསྟན་དེ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ སྐུ་ཚེ་གོངམ་ ཁྲག་འཐུང་བདུད་འཇོམས་འགྲོ་འདུལ་གླིང་པའི་ ཞལ་སློབ་སེ་ར་མཁའ་འགྲོ་གིས་ གནང་ཡོདཔ་མ་ཚད་ ཤུལ་ལས་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་ རྟོགས་ལྡན་བླམ་དཀར་པོ་ བོད་ཀོང་ཡུལ་ལུ་ སྐྱབས་རྗེའི་ཕྱག་ཞུ་སྟེ་ བཞུགས་པའི་སྐབས་ལས་ར་ གནང་མི་ལུང་བསྟན་དང་འཁྲིལ་ བདུད་འཇོམས་ཀྱི་དགོངས་གཏེར་ གཞི་བཙུགས་གནང་ནུག།
གཏེར་སྟོན་སེ་ར་མཁའ་འགྲོའི་ལུང་ལས་ གཏེར་གཉིས་ཀྱི་བསྟན་པའི་བ་དན་དེ། །ལྷོ་མོན་གྱི་བཀྲིས་ལྗོངས་ནང་མཛད། །ཟེར་མི་དེ་ གཏེར་གཉིས་པོ་དེ་ བདུད་འཇོམས་གོང་མ་ ཁྲག་འཐུང་བདུད་འཇོམས་གླིང་པ་དང་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རྣམ་གཉིས་ཀྱི་ གཏེར་ཁ་ཨིནམ་ད་ དེ་གཉིས་ བཀྲིས་སྒང་ལུ་དར་ནི་ཨིན་ཟེར་མི་དང་འཁྲིལ་ ཡོན་ཕུ་ལའི་གཙུག་ལག་ཁང་ ཆགས་ཡོདཔ་མ་ཚད་ བདུད་འཇོམས་གཏེར་གསར་གྱི་ ཆོས་འཁོར་གཞི་བཙུགས་གནང་ནུག།
སྤྱི་ལོ་༡༩༧༠ ལུ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ བཀྲིས་སྒང་ལུ་ ཐེངས་༤ པ་བྱོན་གནང་པའི་སྐབས་ གཙུག་ལག་ཁང་ལུ་ གུང་ཞག་གཅིག་བཞུགས་གནང་པའི་སྐབས་ ལྷ་ཁང་གི་མཚན་ ཨྱོན་མདོ་སྔགས་ཆོས་འཁོར་གླིང་ཟེར་ གསོལ་གནང་ནུག།
ཧེ་མ་འབད་བ་ཅིན་ རྒྱལ་ཁབ་ནང་ བདུད་འཇོམས་གཏེར་གསར་འཛིན་མི་ གཙུག་ལག་ཁང་དེ་ ཡོན་ཕུ་ལ་ རྐྱངམ་གཅིག་ཨིན་རུང་ ཤུལ་ལས་ རྟོགས་ལྡན་བླམ་དཀར་པོའི་ཞལ་སློབ་ བར་མཚམས་བླམ་ པདྨ་དབང་ཆེན་གྱིས་ བཀྲིས་སྒང་བར་མཚམས་ལུ་ གཞི་བཙུགས་གནང་ཡོདཔ་ད་ དེ་བཟུམ་སྦེ་ རམ་འཇར་དང་ མོང་སྒར་བཀའ་དམ་ལ་སོགས་པ་ཚུ་ནང་ བདུད་འཇོམས་གཏེར་གསར་གྱི་ཆོས་འཁོར་ གཞི་བཙུགས་གནང་ནུག།
ཨྱོན་མདོ་སྔགས་ཆོས་འཁོར་གླིང་ནང་ བདུད་འཇོམས་གཏེར་གསར་གྱི་ཆོས་འཁོར་ བཙུགས་གནང་མི་དང་འབྲེལ་ ལོ་བསྟར་ཚེས་བཅུ་དང་ ཡར་ངོ་མར་ངོའི་ཚེས་བཅུ་ སྨྱུང་གནས་ བཀའ་འགྱུར་དག་ཚར་ལ་སོགས་པ་ཚུ་གནང་ཡོདཔ་མ་ཚད་ དམིགས་བསལ་དུ་ རྒྱལ་ཁབ་ཀྱི་སྐུ་རིམ་དོན་ལུ་ སྒྲུབ་ཆེན་ཁག་༤ ཡང་ གནང་སྲོལ་འདུག།
སྒྲུབ་ཆེན་བཞི་པོ་དེ་ ཕུར་པ་གནམ་ལྕགས་སྤུ་གྲི་དང་ བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ ཚེ་སྒྲུབ་འཆི་མེད་སྲོག་ཐིག་ དེ་ལས་ དཀར་གླིང་ཞི་ཁྲོའི་སྒྲུབ་ཆེན་ཚུ་ཨིནམ་ད་ ད་རེས་ ཡོན་ཕུ་ལ་རིན་པོ་ཆེའི་འོག་ལུ་ སྒོམ་ཆེན་དང་ མཚམས་པ་ དེ་ལས་ བཤད་གྲྭའི་དགེ་སློང་ཚུ་བརྩིསཝ་ད་ ཞལ་གྲངས་༡༥༠ ལྷགཔ་ཅིག་འདུག་ཟེར་ ཞུ་ནི་ཨིན།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *