ཡོན་ཕུ་ལ་མཐོ་རིམ་སློབ་གྲྭའི་ས་ཁོངས། པར་- ཀུན་གསལ་གྱི་ པར་མཛོད་ནང་ལས།

ཡོན་ཕུ་ལ་མཐོ་རིམ་སློབ་གྲྭ་ རང་དབང་ཐོག་ བདག་སྐྱོང་འཐབ་ནི་ འགོ་མ་བཙུགས་པར་ཡོདཔ།

༉ ཡོན་ཕུ་ལ་མཐོ་རིམ་སློབ་གྲྭ་ནང་ བདུན་ཕྲག་༣ དེ་ཅིག་གི་ཧེ་མ་ལས་ སློབ་སྟོན་འབད་ནི་ འགོ་བཙུགས་ཡོད་རུང་ ད་ལྟོ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ བདག་སྐྱོང་གིས་ བལྟ་དོ་ཡོདཔ་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ ཤེས་རིག་ལྷན་ཁག་གི་ བཀོད་རྒྱ་ལྟར་དུ་ ལས་འགུལ་ལག་ལེན་གྱི་ ལཱ་འགན་ཚུ་ འབག་དོ་ཡོདཔ་དང་ མཐོ་རིམ་སློབ་གྲྭ་གསརཔ་དེ་ནང་ ལེགས་སྦྱར་བ་ཚུ་ཡང་ མང་ཤོས་ཅིག་ ཤེས་རབ་རྩེ་ལས་ ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭ་གསརཔ་དེ་ནང་ འཛིན་སྐྱོང་འབད་མི་ སོ་སོར་མེདཔ་ལས་ སློབ་ཕྲུག་ཚུ་གིས་ དུས་ཚོད་མང་ཤོས་ཅིག་ནང་ འབྲེལ་བ་འཐབ་དགོ་པའི་ མི་ངོམ་ཚུ་དང་ ཕྱད་མ་ཚུགས་པའི་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།
སློབ་ཕྲུག་ཅིག་གིས་ བཤད་མིའི་ནང་ དུས་ཚོད་མང་ཤོས་ར་ སློབ་ཕྲུག་ཚུ་གི་དོགས་པ་ཚུ་ སེལ་ནིའི་དོན་ལུ་ ལེགས་སྦྱར་བ་མེད་པའི་ཁར་ ལེགས་སྦྱར་བ་ཡོད་རུང་ ཤེས་རབ་རྩེ་ལུ་ ཞལ་འཛོམས་འཚོགས་སྡོད་དོ་ཡོདཔ་ལས་ ཡོན་ཕུ་ལ་དེ་ སྟོངམ་སྦེ་ ལུས་ནི་འདུག་ཟེར་ཨིན་པས།
ང་བཅས་ཆ་ཁྱབ་ ལེགས་སྦྱར་བ་ མ་ལྷོད་ཚུན་ ལཱ་མ་འབད་བར་ བསྒུག་སྡོད་དགོ་པས་ཟེར་ སློབ་ཕྲུག་ཚུ་གིས་ བཤད་ཡོད་པའི་ཁར་ སློབ་ཕྲུག་བུམོ་ཅིག་གིས་ སླབ་མིའི་ནང་ སློབ་གྲྭ་དེ་ སོ་སོར་ཨིན་རུང་ ག་ར་ཤེས་རབ་རྩེའི་ བདག་སྐྱོང་གིས་ ལྟ་རྟོག་འབད་ནི་འདུག་ཟེར་ཨིན་པས།
མོ་གིས་ སློབ་གྲྭ་ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ བདག་སྐྱོང་ནང་ལཱ་འབད་མི་ སོ་སོར་དགོཔ་འདུག་ཟེར་ཨིནམ་ད་ ཆོས་ཚན་འགོ་འཛིན་ངོ་ཚབ་ ཚེ་རིང་འཕྲིན་ལས་ཀྱིས་ བཤད་མིའི་ནང་ མཐོ་རིམ་སློབ་གྲྭ་དེ་ སོ་སོར་ཨིན་རུང་ ཤེས་རིག་ལྷན་ཁག་གིས་ བཀོད་རྒྱ་སོ་སོར་མ་ལྷོད་ཚུན་ ད་ལྟོའི་བདག་སྐྱོང་གིས་ར་ བལྟ་འོང་ཟེར་ཨིན་པས།
སློབ་ཕྲུག་མང་ཤོས་ཀྱིས་ གདོང་ལེན་ཚུའི་སྐོར་ལས་ སླབ་མ་བཏུབ་རུང་ ཀུན་གསལ་གྱིས་ སློབ་གྲྭ་གསརཔ་དེ་ནང་ འཐུང་ཆུ་ལངམ་སྦེ་ མེད་པའི་ཁར་ རྒྱབ་སྣོན་དཔེ་དེབ་ཚུ་ཡང་ ཚད་ཅིག་ལས་བརྒལ་མེདཔ་སྦེ་ མཐོང་ཡི།
ཚེ་རིང་འཕྲིན་ལས་ཀྱིས་ བཤད་མིའི་ནང་ ས་ཁོངས་ནང་ འཐུང་ཆུའི་དཀའ་ངལ་དེ་ཅིག་མེད་རུང་ འཕྲལ་ཁམས་ཅིག་ཁར་ ཆརཔ་རྐྱབ་མི་དེ་གིས་ འཐུང་ཆུ་ལེགས་ཤོམ་པའི་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ཨིནམ་ད་ དཔེ་དེབ་ཉོ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡ བཞག་སྟེ་ཡོད་ཟེར་ཨིན་པས།
སློབ་ཚན་༢ པའི་དོན་ལུ་ དཔེ་དེབ་ལེ་ཤ་དགོཔ་ཡོདཔ་ལས་ དེའི་དོན་ལུ་ བརྒྱ་ཆ་༩༠ དེ་ཅིག་ མཁོ་སྒྲུབ་འབད་ཚར་ཡོད་རུང་ སློབ་ཕྲུག་རེ་ལུ་ དཔེ་དེབ་རེ་ སྤྲོད་ནི་དེ་ འབད་མི་ཚུགས་པས་ཟེར་ཨིན་པས།
དེ་མ་ཚད་ སློབ་གྲྭའི་སྒྲིང་ཁྱིམ་ཚུ་ ད་ལྟོ་ རྐྱབ་པའི་བསྒང་ཡོད་རུང་ སློབ་ཕྲུག་གི་ གྱངས་ཁ་དང་འཁྲིལཝ་ད་ སྟབས་མ་བདེཝ་དེ་ཅིག་མེད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཚེ་རིང་འཕྲིན་ལས་ཀྱིས་ སླབ་མིའི་ནང་ མཐོ་རིམ་སློབ་གྲྭའི་ སྒྲིང་ཁྱིམ་ཚུ་གི་གྲས་ལས་ ཆོས་ཚན་གྱི་ སློབ་ཁང་རྐྱངམ་གཅིག་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ དེ་གི་དོན་ལུ་ ལས་འགུལ་འཛིན་སྐྱོང་སྡེ་ཚན་གྱིས་ འཕྲལ་མགྱོགས་ར་ ཞལ་འཛོམས་འཚོགས་འོང་ཟེར་ཨིནམ་ད་ ཁག་འབག་གིས་ དུས་ཚོད་དགོ་པའི་སྐོར་ལས་ སླབ་སྟེ་ཡོད་ཟེར་ཨིན་པས།
སློབ་གྲྭ་གསརཔ་དེ་ནང་ མི་སྟོབས་ལངམ་སྦེ་ དགོཔ་ཡོདཔ་མ་ཚད་ ཤུལ་མའི་ སློབ་ཚན་ནང་ལས་ ད་རུང་ མི་གཉིས་དགོཔ་ཡོད་པའི་ཁར་ ལས་ཁུངས་གཞན་ཚུ་ནང་ཡང་ དགོཔ་ཡོད་ཟེར་ཨིན་པས།
ད་ལྟོ་ སློབ་གྲྭ་དེ་ནང་ སློབ་ཚོགས་༣ བརྩིས་ཏེ་ ཡིག་ཚང་གི་ལས་བྱེདཔ་༡༠ ཡོདཔ་ད་ དེ་ནང་ སློབ་དཔོན་༣༢ ཀྱིས་ ཨིང་སྐད་ཀྱི་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་དོ་ཡོདཔ་ད་ སློབ་དཔོན་མང་ཤོས་ར་ སློབ་སྟོན་ནང་ ལོ་ངོ་༡༠ གྱི་ ཉམས་མྱོང་ཡོད་མི་ཚུ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *