ཉམས་གསོ་ཞུ་བའི་བསྒང་ཡོད་མི་ ཡོངས་ལ་དགོན་པའི་ལྷ་ཁང་།

ཡོངས་ལ་དགོན་པའི་ ལྷ་ཁང་ཉམས་གསོའི་ལཱ་ གྲུབ་འབྲས་ལེགས་ཤོམ་ཐོན་དོ་ཡོདཔ།

༉ པདྨ་དགའ་ཚལ་ ཡོངས་ལ་དགོན་པའི་ ལྷ་ཁང་ཉམས་གསོའི་ལཱ་དེ་ བརྒྱ་ཆ་༨༠ ལྷགཔ་ཅིག་གི་ གྲུབ་འབྲས་ཐོན་ཡོདཔ་ད་ ད་ལྟོ་ ལྷ་ཁང་གི་ ཕྱིའི་བཟོ་སྐྲུན་ལཱ་ཚུ་ འབད་ཚར་ཡོདཔ་ལས་ ནང་ན་གི་ལཱ་ཚུ་ འབད་བའི་བསྒང་འདུག།
ས་ཁོངས་བཟོ་རིག་འགོ་དཔོན་ ཀརྨ་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལྷ་ཁང་ཉམས་གསོའི་ལཱ་དེ་ སྤྱི་ལོ་༢༠༡༣ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༥ ཟླ་༧ པ་ཚུན་ རྫོང་ཁག་གིས་ འགོ་འདྲེན་འཐབ་ཐོག་ལས་ འབད་ཡི་ཟེར་ཨིནམ་ད་ སྤྱི་ཟླ་༧ པ་ལས་ དུས་ཅི་གི་ ལོ་མཇུག་ཚུན་ ཁག་འབགཔ་ལུ་ སྤྲོད་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ ཉམས་གསོའི་ལཱ་ལུ་ བར་ཆད་ག་ནི་ཡང་ མ་འབྱུང་རུང་ ས་ཁོངས་དེ་ཁར་ གནམ་བྱཱར་དགུན་མེད་པར་ གྱང་དོ་ཡོདཔ་ལས་ ལས་མི་མ་ཐོབ་པའི་ཁར་ རྩི་སའི་ལཱ་དང་འབྲེལ་བའི་ དཀའ་ངལ་ཡོདཔ་མ་ཚད་ ཐ་ན་ ཆུ་ཡང་ སྣུམ་འཁོར་ཊཱག་ནང་སྦེ་ འབག་འོང་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་མི་ཚུ་གིས་ འོང་མ་བཏུབ་མི་དེ་ཡང་ གནམ་གཤིས་ལུ་བརྟེན་ཨིནམ་ད་ ཁོང་གིས་ འོང་མ་བཏུབ་པའི་བསྒང་ལས་ ཉིན་འཐུས་ཡང་ ཡར་སེང་འབད་དེ་ བྱིན་དགོཔ་ཐོན་པའི་ཁར་ འཕྲལ་འཕྲལ་སྦེ་ར་ ཆརཔ་རྐྱབ་དོ་ཡོདཔ་ལས་ ལཱ་ལུ་ གནོདཔ་མས་ཟེར་ཨིན་པས།
ལྷ་ཁང་དེ་ ཉམས་གསོ་ཟེར་རུང་ ཧེ་མའི་ ལྷ་ཁང་རྙིངམ་གི་ བཟོ་བཀོད་དེ་ བཤིག་བཏང་ཞིནམ་ལས་ དེའི་གུ་ར་ ལོག་གསར་བཞེངས་འབད་ཡི་ཟེར་ཨིནམ་ད་ དེ་ལུ་ གདོང་ལེན་སྦོམ་ཤོས་ར་ ཧེ་མའི་ནང་རྟེན་ཚུ་ ཉམས་སྲུང་འབད་ཐོག་ལས་ ཕྱི་ཁའི་བཟོ་བཀོད་ཚུ་ བཟོ་སྐྲུན་འབད་དགོ་ནི་དེ་གིས་ ལཱ་ཁག་བཏང་ཡི་ཟེར་ཨིན་པས།
ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ གདོང་ལེན་གཞན་དེ་ ཤིང་ཆས་ཚུ་ བུམ་ཐང་ལས་ སྐྱེལ་འདྲེན་འབད་དགོཔ་ད་ འཕྲལ་འཕྲལ་ ཆརཔ་རྐྱབ་པའི་སྐབས་ ལམ་བསུབས་མི་ལུ་བརྟེན་ དུས་ཚོད་ཁར་ ལྷོད་མ་ཚུགས་པའི་ དཀའ་ངལ་ལ་སོགས་པ་ཚུ་ ཐོན་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷ་ཁང་གསརཔ་གི་ བཟོ་བཀོད་དེ་ ཧེ་མའི་ ལྷ་ཁང་བཟུམ་སྦེ་ར་ཨིན་རུང་ ད་ལྟོ་ མ་ཎི་ལག་འཁོར་དེ་ ཐེབས་བཙུགས་ཏེ་ ཡོད་ཟེར་ཨིནམ་ད་ ཐོག་ཚད་༢ འབད་མི་ ལྷ་ཁང་གི་ སྟེང་ཐོག་ལུ་ ཨེན་ཏ་འཐིང་ནི་དང་ ཚོན་གཏང་ནིའི་ལཱ་ཚུ་ མཇུག་བསྡུ་ཡོདཔ་བཞིན་དུ་ འོག་ཐོག་ལུ་ཡང་ ཨེན་ཏ་འཐིང་ནི་དང་ ཚོན་གཏང་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
ལྷ་ཁང་གི་ ཕྱི་ཁའི་ལཱ་ཚུ་ལས་ རྡོ་གཅལ་ནང་ རྡོ་ལེབ་འཐིང་ནི་ རྐྱངམ་གཅིག་ཨིནམ་ལས་ ད་ལྟོ་ འབད་བའི་བསྒང་ ཡོད་ཟེར་ཨིནམ་ད་ ཉམས་བཅོས་ཀྱི་ལཱ་དེ་ དུས་ཅི་གི་ ལོ་མཇུག་བསྡུཝ་ད་ ཚར་དགོཔ་བཞིན་དུ་ ལཱ་ཚུ་ཡང་ ལེགས་ཤོམ་སྦེ་ར་ འགྱོ་དོ་ཡོདཔ་ལས་ གདོང་ལེན་ག་དེམ་ཅིག་བྱུང་རུང་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཟེར་ ཀརྨ་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ཚོན་གཏང་ནི་དང་ སྐུ་བཞེངས་ནིའི་ལཱ་ཚུ་ ཁག་འབགཔ་སོ་སོར་ལུ་ སྤྲོད་ཡོད་རུང་ ཁོང་གིས་ཡང་ ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ཐབས་ལུ་དམིགས་ཏེ་ དེ་ཚུ་ག་ར་ ཉམས་གསོ་གི་ ལཱ་ཚུ་དང་གཅིག་ཁར་ འབད་དོ་ཡོདཔ་ད་ གནམ་གཤིས་ཀྱི་ གནོད་པ་རྐྱབ་པ་ཅིན་མ་གཏོགས་ དེ་མེན་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པའི་ དོགས་པ་མེད་ཟེར་ཨིན་པས།
ཡོངས་ལ་དགོན་པ་ ཉམས་གསོ་ལཱ་གི་དོན་ལུ་ འབྲུག་གཞུང་གིས་ དངུལ་ཀྲམ་ས་ཡ་༡༢༨ དེ་ཅིག་ གནང་ཡོད་པའི་གནས་ཚུལ།

པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *