༉ པདྨ་དགའ་ཚལ་ ཡོངས་ལ་རི་བོ་དཔལ་འབར་དར་རྒྱས་ཆོས་གླིང་དགོན་པའམ་ ཡོངས་གྲགས་ལུ་ ཡོངས་ལ་དགོན་པ་ཟེར་ས་ལུ་ འཐུང་ཆུའི་རྐ་མེད་ནི་དེ་གིས་ ཆར་ཆུ་དེ་ འཐུང་ཆུའི་རྐ་ངོ་མ་ཅིག་ལུ་ གྱུར་ཡོད་རུང་ འཕྲལ་མགྱོགས་ར་ དཀའ་ངལ་དེ་ སེལ་ཚུགས་ནི་ཨིན་པས།
དེ་ཡང་ རྫོང་ཁག་གིས་ འཐུང་ཆུ་བཏོན་ནིའི་དོན་ལུ་ ས་ཁོངས་ཚུ་ ངོས་འཛིན་འབད་ཡོདཔ་མ་ཚད་ འཕྲལ་མགྱོགས་ར་ ས་ཁོངས་ཞིབ་དཔྱད་ཀྱི་ ལཱ་ཚུ་ཡང་ འབད་ནི་ཨིན་མི་ལུ་བརྟེན་ཨིན་པས།
པདྨ་དགའ་ཚལ་རབ་སྡེའི་དྲུང་ཆེན་ པདྨ་རྒྱལ་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མར་ འཐུང་ཆུ་དེ་ དགོན་པ་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ ས་གནས་ཁར་ཡོད་མི་ ར་ཤོར་རི་ཟེར་སར་ལས་ དབོགས་འབག་སྟེ་ དཀའ་སྤྱད་ཀྱི་ཐོག་ལས་ སྤྱོད་སྡོད་ཡོད་རུང་ སྤྱི་ལོ་༢༠༡༠ དེ་ཅིག་ལས་ ཆུ་རྐ་དེ་ཡང་ སྐམ་སོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དེ་ལས་ཚུར་ དེ་ཁར་བཞུགས་མི་ དགེ་སློང་ཚུ་གི་དོན་ལུ་ ཆར་ཆུ་དེ་ ཆུ་རྐ་ངོ་མ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིནམ་ད་ འཕྲལ་འཕྲལ་སྦྱིན་བདག་དད་ཅན་ཚུ་གིས་ ཨ་ནེ་དགོན་པའི་ ལྟག་ལུ་ཡོད་མི་ སྐལ་བཟང་རི་ཟེར་སར་ལས་ ཆུ་འདེགས་འབག་སྟེ་ ཞབས་ཏོག་ཞུ་ཡོད་རུང་ དེ་ཚུ་མེད་པའི་སྐབས་ ཆརཔ་ལུ་ར་ བརྟེན་སྡོད་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆརཔ་རྐྱབ་ད་ ཁྱིམ་ཐོག་ཁར་ བྱ་ལ་སོགས་པའི་ ཨ་ཝ་ཡོད་རུང་ ཐབས་མེད་པར་ དེ་ར་ སྤྱོད་དགོ་ཟེར་ཨིནམ་ད་ ཆུ་དེ་ མེད་པའི་བསྒང་ལས་ གཙང་སྦྲ་འཕྲོད་བསྟེན་ལུ་ཡང་ གནས་མི་ཚུགས་དོ་ཡོདཔ་ལས་ དཀའ་ངལ་སྦོམ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྒྲུབ་ཆེན་ཚུ་གི་སྐབས་ལུ་ཡང་ ཆར་ཆུ་དེ་ར་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ ཆར་ཆུ་མེད་པའི་སྐབས་ འཐུང་ཆུ་ཡང་མེདཔ་ལས་ སྐལ་བཟང་རི་ལས་ སྣུམ་འཁོར་ཊེང་ཀར་ནང་ འདེགས་འབག་འོང་དོ་ཡོདཔ་ལས་ འཕྲལ་འཕྲལ་ ཊེང་ཀར་དེ་ རྫོང་ཁག་གིས་ རྒྱབ་སྐྱོར་འབད་དོ་ཡོད་རུང་ འཕྲལ་འཕྲལ་ མིན་འདུག་ཟེར་ཨིན་པས།
བཟོ་རིག་འོག་དཔོན་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ དགོན་པ་དེ་ནང་ འཐུང་ཆུའི་དཀལ་ངལ་དེ་ ཧེ་མ་ལས་ཡོད་ཟེར་ཨིནམ་ད་ ད་རེས་ འཐུང་ཆུ་བཏོན་ཐབས་ལུ་ རྫོང་ཁག་གིས་ ས་ཁོངས་ཅིག་ ངོས་འཛིན་འབད་དེ་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་ཁོངས་དེ་ནང་ ཆུ་མཛོད་ཐོག་ཚད་༢ འབད་མི་༡ རྐྱབ་ནི་དེ་ གཏན་འཁེལ་སོང་ཡོད་རུང་ ད་རུང་ ཆུ་མཛོད་སོ་སོར་༡ དགོ་མི་དགོ་གི་སྐོར་ལས་ བློ་སླབ་པའི་བསྒང་ཨིནམ་ད་ དེ་གི་དོན་ལུ་ མ་དངུལ་ཚུ་ གཞུང་གིས་ གནང་ནི་ཨིནམ་ལས་ ཚོད་རྩིས་བཏོན་ཐབས་ལུ་ ས་ཁོངས་ཞིབ་དཔྱད་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་མཛོད་ཚད་༢ འབད་མི་ རྐྱབ་ནི་ཨིན་མི་དེ་ཡང་ འོག་ཐོག་ལུ་ ཆར་ཆུ་གསོག་འཇོག་འབད་དེ་ དགེ་སློང་ཚུ་གི་ ན་བཟའ་དང་ སྐུ་མཆོད་འབུམ་སྡེ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ ཕོརཔ་ཐ་ལི་ལ་སོགས་པ་ཚུ་ ཆུ་འཁྱུ་ནིའི་དོན་ལུ་ ཨིནམ་བཞིན་དུ་ སྟེང་འོག་ལུ་ འཐུང་ཆུའི་དོན་ལས་ གསོག་འཇོག་འབད་འོང་ཟེར་ཨིན་པས།
འཐུང་ཆུའི་རྐ་དེ་ཡང་ དགོན་པའི་ཕར་ལོགས་ལུ་ཡོད་མི་ ཨ་ནེ་དགོན་པ་ཟེར་ས་ལས་ འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ འཐེན་ནི་ཟེར་ཨིནམ་ད་ ཆུ་རྐ་དེ་ འཕྲལ་འཕྲལ་ གནམ་དགུན་ལུ་ སྐམ་དོ་ཡོདཔ་བཞིན་དུ་ དེའི་སྐབས་ལུ་ཡང་ དཀའ་ངལ་མེད་པར་ ཆུ་མཛོད་ནང་ གསོག་འཇོག་འབད་མི་དེ་གིས་ ལངམ་སྦེ་ བཀྲམ་སྤེལ་འབད་ནིའི་ འཆར་གཞི་ཡོད་ཟེར་ ཀརྨ་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ དགོན་པ་ཉམས་གསོའི་ ལཱ་གི་དོན་ལུ་ ཆུ་སྣུམ་འཁོར་ཊག་ནང་ འདེགས་འབག་འོང་དོ་ཡོདཔ་ལས་ ཆུ་དེ་ དགོན་པའི་དགེ་སློང་ཚུ་ལུ་ཡང་ བཀྲམ་སྤེལ་འབད་དོ་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ གནས་སྐབས་ཅིག་ དཀའ་ངལ་སེལ་ཚུགས་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།
པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།