དངུལ་རྩིས་བློན་པོ་རྣམ་རྒྱལ་ཚེ་རིང་གིས་ ཡོངས་འབྲེལ་འཆར་སྒོ་ནང་ སྣུམ་འཁོར་ཐོབ་སྐལ་འཆར་སྒོ་ འགོ་འབྱེད་འབད་བའི་བསྒང་།

ཡོངས་འབྲེལ་ཨིན་ཊར་ནེཌ་ཐོག་ལས་ སྣུམ་འཁོར་གྱི་ཐོབ་སྐལ་ བཀོད་ཚུགས་ནི།

༉ ཞི་གཡོགཔ་ཚུ་གིས་ རང་སོའི་ སྡེ་རིམ་དང་བསྟུན་ སྣུམ་འཁོར་གྱི་ཐོབ་སྐལ་དེ་ ཨ་རྟག་བཟུམ་སྦེ་ དངུལ་རྩིས་ལྷན་ཁག་ནང་ འགྱོ་མ་དགོ་པར་ རང་སོའི་ཡིག་ཚང་དང་ ཡོངས་འབྲེལ་ཨིན་ཊར་ནེཌ་ཐོག་ལས་ བཀོད་ཚུགས་ནི་ཨིན་པས།

དེ་ཡང་ ཁ་ཙ་ དངུལ་རྩིས་ལྷན་ཁག་གི་ གྲོས་འཛོམས་ཁང་ནང་སྦེ་ དངུལ་རྩིས་ལྷན་ཁག་གི་ ཡོངས་འབྲེལ་འཆར་སྒོ་ནང་ སྣུམ་འཁོར་ཐོབ་སྐལ་འཆར་སྒོ་ གཞི་བཙུགས་འབད་མི་དེ་ གཞུང་འབྲེལ་ཐོག་ལས་ དངུལ་རྩིས་བློན་པོ་རྣམ་རྒྱལ་ཚེ་རིང་དང་ ལྷན་ཁག་གི་དྲུང་ཆེན་ ཉིམ་རྡོ་རྗེ་༢ ཀྱིས་ འགོ་འབྱེད་འབད་ཡི།

དྲུང་ཆེན་ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ གློག་ཤུགས་སྣུམ་འཁོར་གྱི་ ཐོབ་སྐལ་རིམ་ལུགས་དེ་ སྤྱི་ལོ་༢༠༡༩ འི་ དངུལ་ཕོགས་བསྐྱར་བཟོའི་ ཁྲིམས་ལུགས་དང་འཁྲིལ་ གཞུང་གི་འགོ་དཔོན་ཚུ་ལུ་ སྣུམ་འཁོར་ནང་འདྲེན་འབད་ནིའི་ ཐོབ་ལམ་གཞི་བཙུགས་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༡༩༨༠ གྱ་གྲངས་ལས་ གཞི་བཙུགས་འབད་ནུག་ཟེར་ཨིན་པས།

དེ་ཡང་ མི་མང་གི་ མཐའ་དོན་འགྲུབ་ནི་དང་ རྒྱལ་ཁབ་ཀྱི་ གོང་འཕེལ་གྱི་ལས་སྣ་དང་ འཆར་གཞི་ཚུ་ འགོ་འདྲེན་འཐབ་སྟེ་འབད་བའི་སྐབས་ གདོང་ལེན་བྱུང་མི་ལུ་བརྟེན་ ཞི་གཡོགཔ་ཚུ་གིས་ སྣུམ་འཁོར་ནང་འདྲེན་འབད་དེ་ ཕྱག་ཕྱིད་ཞུ་ཐབས་ལུ་ གཞི་བཙུགས་ནུག་ཟེར་ཨིན་པས།

སྣུམ་འཁོར་ཐོབ་སྐལ་དོན་ལུ་ ད་ལྟོ་ཚུན་ རང་སོའི་གོ་གནས་དང་ སྡེ་རིམ་དང་འཁྲིལ་ རྫོང་ཁག་ཐདམ་ཐད་ཁ་ལས་ཕར་ གཞུང་དང་མི་སེར་ལུ་ ཕྱག་ཞུ་མི་ ཞི་གཡོགཔ་ཚུ་ དུས་ཚོད་ཐེབས་བཏོན་ཏེ་ བཀྲིས་ཆོས་རྫོང་ནང་ ཞུ་ཡིག་བཙུགས་པར་ འོང་དགོཔ་བྱུང་ཡོདཔ་ཨིན་པས།

ལྷན་ཁག་ལས་ གསར་བཏོན་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༡༩༨༠ ལུ་ གཞུང་དང་ མི་སེར་གྱི་དོན་ལུ་ ཞི་གཡོགཔ་ཚུ་གིས་ ཕྱག་ཕྱིད་གང་དྲག་ཞུ་བའི་སྐབས་ ད་རེས་ནངས་པར་ཡོད་དོ་བཟུམ་སྦེ་ སྣུམ་འཁོར་སྐྱེལ་འདྲེན་བཱསི་དང་ གླ་འཁོར་ སྒེར་འཁོར་ཚུ་ མེདཔ་སྦེ་སྡོད་པའི་རིང་ སྣུམ་འཁོར་ཐོབ་སྐལ་རིམ་ལུགས་ གཞི་བཙུགས་ནུག་ཟེར་ཨིན་པས།

ད་རེས་འབད་བ་ཅིན་ ཞི་གཡོགཔ་སྡེ་རིམ་པི་༣ པ་ ཡན་ཆད་འབད་མི་ཚུ་ལུ་ སྣུམ་འཁོར་ཐོབ་སྐལ་སྦེ་ གཞུང་གིས་ གནང་དོ་ཡོདཔ་ད་ དེ་ཡང་ ཅ་དམ་གྱི་ཁྲལ་ དགོངས་ཡངས་གནང་པའི་ཁར་ བཙོང་ཁྲལ་མ་ཕོགཔ་སྦེ་ དངུལ་ཀྲམ་༨༠༠,༠༠༠ འོག་རྒྱུའི་ ཐོབ་བརྗོད་བཀོད་ཆོགཔ་ཨིན་རུང་ སྣུམ་འཁོར་མཁོ་སྒྲུབ་འབདཝ་ད་ སྔོ་ལྗང་ཁྲལ་ཕོག་ཟེར་ ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས། 

ད་ལས་ཕར་ རིམ་ལུགས་དེ་ལུ་བརྟེན་ སྣུམ་འཁོར་ཐོབ་སྐལ་བཀོད་མི་ཚུ་གིས་ རང་སོའི་ཡིག་ཚང་དང་ ཡོངས་འབྲེལ་ཨིན་ཊར་ནེཌ་མཐུན་རྐྱེན་ཐོག་ ས་གནས་ག་ཏེ་ལས་འབད་རུང་ ལྷན་ཁག་གི་ ཡོངས་འབྲེལ་འཆར་སྒོའི་ གློག་ཤུགས་སྣུམ་འཁོར་ཐོབ་སྐལ་ནང་སྦེ་ ཡིག་རིགས་ཚུ་ བཙུགས་ཆོག་ཟེར་ དྲུང་ཆེན་གྱིས་བཤད་ཅི།

དྲུང་ཆེན་གྱིས་ སླབ་མིའི་ནང་ རིམ་ལུགས་དེ་ལུ་བརྟེན་ ཕན་ཐབས་ཁག་༢ ཡོད་ཟེར་ཨིནམ་ད་ དེ་ཡང་ རང་སོའི་ཡིག་ཚང་ནང་ལས་ རང་གི་ཐོབ་ལམ་དེ་ སྤྱོད་ཚུགས་ནི་དང་ ཡིག་ཚང་གི་ ལཱ་དང་ལས་རིམ་ འཆར་གཞི་གོང་འཕེལ་གྱི་ ལས་སྣ་ཚུ་ལུ་ ཤུགས་བཏོན་ཚུགས་ནི་དང་ ཐོབ་སྐལ་དེ་ དངུལ་སྦེ་ལེན་ནི་ཨིན་ན་དང་ སྣུམ་འཁོར་སྦེ་ ལེན་ནི་ཨིན་ན་ རིམ་ལུགས་ནང་ ཁ་གསལ་ཡོདཔ་ལས་ གདམ་ཁ་རྐྱབ་ཚུགས་ཟེར་ ཨིན་པས།

ལོ་བསྟར་བཞིན་དུ་ སྣུམ་འཁོར་ཐོབ་སྐལ་གྱི་དོན་ལུ་ ཞི་གཡོགཔ་སྟོང་ཕྲག་སྦེ་ འོང་མིའི་གྲས་ལས་ ད་ལྟོ་ཚུན་ ཐིམ་ཕུག་རྫོང་ཁག་ནང་ ཕྱག་ཞུ་མི་ ཞི་གཡོགཔ་ཚུ་ལུ་ བྱ་སྟབས་མ་བདེཝ་མ་བྱུང་རུང་ རྫོང་ཁག་གཞན་གྱི་ ཞི་གཡོགཔ་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ གདོང་ལེན་ཐོན་ཡི་ཟེར་ཨིན་པས།

ད་ལྟོ་ཚུན་གྱི་ ལམ་ལུགས་ནང་ གདོང་ལེན་སྦོམ་ཤོས་ར་ རྫོང་ཁག་གཞན་ཁར་སྡོད་མི་ ཞི་གཡོགཔ་ཚུ་ལུ་ སྣུམ་འཁོར་ཐོབ་སྐལ་གྱི་ གོ་སྐབས་ཐོབ་ཡོད་རུང་ ཁོང་གིས་ ཚབ་སྦེ་ ལྷན་ཁག་ནང་བཏངམ་ད་ ཡིག་རིགས་ཚུ་ ཚང་མ་ཚུགས་པའི་ཁར་ ཐོ་བཀོད་འབདཝ་ད་ འཛགས་ལུས་ཤོར་བའི་དཀའ་ངལ་ཚུ་ ཐོན་ཡི་ཟེར་ དྲུང་ཆེན་གྱིས་བཤད་ཅི།

དངུལ་ཕོགས་བསྐྱར་བཟོའི་ ཁྲིམས་ལུགས་དང་འཁྲིལ་བ་ཅིན་ སྣུམ་འཁོར་ཐོབ་སྐལ་གྱི་ གོ་སྐབས་ལེན་མི་ ཞི་གཡོགཔ་ལུ་ ས་སྣུམ་གྱི་ སྣུམ་འཁོར་མཁོ་སྒྲུབ་འབད་ནི་ཨིན་པ་ཅིན་ དངུལ་ཀྲམ་༢༥༠,༠༠༠ དང་ གློག་ཤུགས་སྣུམ་འཁོར་འབད་བ་ཅིན་ དངུལ་ཀྲམ་༣༥༠,༠༠༠ གཞུང་གིས་གནང་སྟེ་འདུག།

དྲུང་ཆེན་གྱིས་ སླབ་མིའི་ནང་ དངུལ་ཕོགས་བསྐྱར་བཟོའི་ཁྲིམས་ལུགས་ནང་ སྣུམ་འཁོར་མ་ཉོ་བར་ ཏི་རུ་དགོས་མཁོ་བཀོད་པ་ཅིན་ ཏི་རུ་སྤྲོད་དགོཔ་བཞིན་དུ་ རྩིས་ལོ་༢༠༡༩ དང་༢༠༢༠ ལུ་ མི་གྲངས་༡,༡༠༠ གིས་ དངུལ་ལེན་འབག་ཡོདཔ་ལས་ དངུལ་ཐེབས་ས་ཡ་༣༠༠ དེ་ཅིག་ གནས་ཡི་ཟེར་ཨིན་པས།

དེ་ཡང་ ཏི་རུ་ལེན་འབག་མི་དེ་ བརྒྱ་ཆ་ལས་༦༣ དང་ བརྒྱ་ཆ་༣༧ གྱིས་ སྣུམ་འཁོར་ཐོབ་སྐལ་བཀོད་ནུག་ཟེར་ཨིནམ་ད་ དངུལ་རྩིས་ལྷན་ཁག་གིས་ རྩིས་ལོ་༢༠༡༩ དང་༢༠༢༠ ལུ་ སྣུམ་འཁོར་ཐོབ་སྐལ་༡,༨༡༤ ལས་ མི་༡,༡༥༨ ཀྱིས་ དངུལ་རྐྱང་ལེན་ཡོདཔ་ད་ རྩིས་ལོ་༢༠༢༠ དང་ ༢༠༢༡ ལུ་ སྣུམ་འཁོར་ཐོབ་སྐལ་ཐོག་ལས་ མི་༦༠༢ ཀྱིས་ སྣུམ་འཁོར་མཁོ་སྒྲུབ་འབད་ནུག་ཟེར་ཨིན་པས།

དེ་བཟུམ་སྦེ་ རྩིས་ལོ་༢༠༢༠ དང་༢༠༢༡ ལུ་ ནད་ཡམས་ལུ་བརྟེན་ གཞུང་གི་འོང་འབབ་ལུ་ཐོ་ཕོག་ཡོདཔ་ལས་ དངུལ་སྤྲོད་ནི་དེ་ གནས་སྐབས་ཅིག་གི་དོན་ལུ་ མཚམས་འཇོག་འབད་དེ་བཞག་རུང་ མི་༦༣༠ དེ་ཅིག་གིས་ སྣུམ་འཁོར་མཁོ་སྒྲུབ་ཀྱི་དོན་ལུ་ གཞུང་གིས་ ཏི་རུ་སྤྲོད་ནུག་ཟེར་ཨིན་པས།

དུས་ཅི་གི་ལོ་ནང་ཡང་ སྣུམ་འཁོར་ཐོབ་སྐལ་གྱི་དོན་ལུ་ ཏི་རུ་དགོཔ་སྦེ་ སྙན་ཞུ་འབད་མི་ཐོན་ཡོད་རུང་ གཞུང་གིས་ མཚམས་འཇོག་འབད་མི་དེ་ འཕྲོ་མཐུད་དེ་ར་ བསྟར་སྤྱོད་འབད་ནི་དང་ གལ་སྲིད་ ནད་ཡམས་ཀྱི་གནས་སྟངས་ ལེགས་ཤོམ་འགྱོ་བའི་ཁར་ རྒྱལ་ཁབ་ཀྱི་འོང་འབབ་ འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་པ་ཅིན་ སྣུམ་འཁོར་ཐོབ་སྐལ་གྱི་ ཏི་རུ་བྱིན་ནིའི་སྲོལ་ འགོ་བཙུགས་འོང་ཟེར་ ཨིན་པའི་གནས་ཚུལ། 

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *