གློག་མེ་འཕྲུལ་ཁང་ལག་ལེན་པ་ ཕུརཔ་རྡོ་རྗེ་གིས་ གནས་བཞུགས་གཙོ་འཛིན་གྱི་ གཟེངས་བསྟོད་ལག་ཁྱེར་ལེན་པའི་བསྒང་།

ཡུན་རིངམོ་སྦེ་ ཕྱག་ཞུ་མི་ ཕོ་སྐྱེས་ཅིག་ལུ་ ངོས་འཛིན་ལག་ཁྱེར་བྱིན་ཡོདཔ།

༉ ཁ་ཙ་ ཀྲོང་གསར་སྟང་སི་སྦྱིས་ལུ་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་ ཇ་ཀའི་གནས་བཞུགས་གཙོ་འཛིན་ ཀོ་ཇི་ ཡ་མ་ད་གིས་ གློག་མེ་འཕྲུལ་ཁང་ལག་ལེན་པ་ ཕུརཔ་རྡོ་རྗེ་ལུ་ གནས་བཞུགས་གཙོ་འཛིན་གྱི་ གཟེངས་བསྟོད་ལག་ཁྱེར་དང་པ་བྱིན་ཡི།

དེ་ཡང་ སྐྱེས་ལོ་༥༢ ལང་མི་ ཕུརཔ་རྡོ་རྗེ་གིས་ འདས་པའི་ལོ་ངོ་༣༠ གི་རིང་ སྟང་སི་སྦྱིས་ལུ་ ཇ་པཱན་གཞུང་གིས་ གཞི་བཙུགས་འབད་མི་ གློག་མེ་འཕྲུལ་ཁང་ཆུང་བའི་ནང་ ལཱ་འབད་བའི་ ངོས་འཛིན་ལུ་ཨིན་པས།
ད་ལྟོའི་བར་ན་ཡང་ ལཱ་འབད་བཞིན་དུ་ཡོད་མི་ ཕུརཔ་རྡོ་རྗེ་གིས་ བཤད་མིའི་ནང་ འདི་བཟུམ་མའི་ ངོས་འཛིན་ལག་ཁྱེར་ འགོ་དང་པ་ཐོབ་མི་ལུ་བརྟེན་ སེམས་ལུ་དགའ་བ་ ཚད་མེད་བྱུང་ཡི་ཟེར་ཨིན་པས།
ཕུརཔ་རྡོ་རྗེ་གིས་ སྤྱི་ལོ་༡༩༨༥ ལུ་ ཀྲོང་གསར་ཤེས་རབ་གླིང་སློབ་གྲྭ་འོག་མའི་ནང་ལས་ སློབ་རིམ་༨ པ་ མཇུག་བསྡུ་བའི་ཤུལ་ལུ་ གློག་མེ་འཕྲུལ་ཁང་དེ་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ གཡུས་ཁ་ལས་ ག་ཏེ་ཡང་ མ་འགྱོ་བར་ མི་སྡེའི་ནང་ར་ ཕྱག་ཞུ་ནི་གི་ གོ་སྐབས་ཐོབ་ལས་ དཔའ་ཉམས་བྱུངམ་མས་ཟེར་ཨིནམ་ད་ ཇ་པཱན་གྱིས་ སྟང་སི་སྦྱིས་ལུ་ གློག་མེ་འཕྲུལ་ཁང་ གཞི་བཙུགས་འབདཝ་ད་ བདག་འཛིན་འཐབ་མི་ གཡུས་ཚན་ནང་ལས་ ཤེས་ཡོན་ཡོད་མི་ཅིག་དགོཔ་སྦེ་ སླབ་པའི་སྐབས་ ཁོ་ར་དང་ ཁོ་རའི་ཆ་རོགས་༡ འཛུལ་བཞུགས་འབད་བའི་ཤུལ་ལས་ ཆ་རོགས་དེ་ ཐོན་ཡར་སོཔ་ཨིན་པས།
འགོ་ཐོག་སྐབས་ ཕུརཔ་རྡོ་རྗེ་ལུ་ ཟླ་རིམ་དངུལ་ཕོག་ག་ནི་ཡང་ མེདཔ་ཨིན་རུང་ གྲོང་ཁྱིམ་ཚུ་ནང་ ལག་ལེན་འཐབ་མི་ གློ་མེའི་བཱོལ་རེ་ལས་ འཐུས་དངུལ་ཀྲམ་༢ རེ་ བསྡུ་ལེན་འབད་དེ་ འཚོ་སྐྱོང་འཐབ་སྡོད་ཡོདཔ་ཨིན་པས།
ཤུལ་ལས་ གློག་མེ་འཕྲུལ་ཁང་དེ་ འབྲུག་གློག་མེ་ལས་འཛིན་གྱིས་ རྩིས་ལེནམ་དང་འབྲེལ་ ཕུརཔ་རྡོ་རྗེ་དེ་ཡང་ དངུལ་ཕོགས་ཀྱི་ལམ་ལུགས་ནང་ འཛུལ་ཡོདཔ་ད་ ཁོ་གི་ འགན་ཁུར་དེ་ གློག་ཐག་ཚུ་ ལྟ་རྟོག་དང་ གློག་མེ་ཨམ་ཆུང་བ་ཚུ་ ཉམས་བཅོས་འབད་ནི་ དེ་ལས་ གློག་མེ་སྤྱོད་འཐུས་ བསྡུ་ལེན་འབད་ནི་ཚུ་ཨིན་པས།
གློག་ཤུགས་ཀེ་ཝི་ཨེ་༣༧.༥ འབད་མི་ གློག་མེ་འཕྲུལ་ཁང་ཆུང་བ་དེ་ སྤྱི་ལོ་༡༩༨༧ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

ཀྲོང་གསར་ལས་ ཉི་མ་དབང་འདུས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *