ཡུན་བརྟན་ཅན་དང་ དྲན་ཤེས་ཅན་གྱི་ འཆར་གཞི་བརྩམ་དགོཔ།

༉ ང་བཅས་རའི་ གོང་འཕེལ་གྱི་ བཟོ་བཀོད་དང་འཁྲིལཝ་ད་ བསྒྱུར་བཅོས་འབད་དགོཔ་ཡོད་མི་དེ་ཡང་ སོ་ནམ་ལས་སྡེ་ནང་ དམིགས་བསལ་དུ་ མངོན་གསལ་ཅན་གྱི་ གོང་འཕེལ་མ་འགྱོ་བ་ཅིན་ གོང་འཕེལ་ངོ་མ་དེ་ རྩ་ལས་ར་ འགྱོ་མི་ཚུགས་ནི་ཨིན་མས།

སོ་ནམ་ལས་སྡེ་དེ་ རྒྱལ་ཁབ་ནང་ ལཱ་གཡོག་བྱིན་མི་ སྦོམ་ཤོས་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ མི་འབོར་ཕྱེད་ལྷགཔ་ཅིག་ ལས་སྡེ་འདི་ནང་ གྲལ་གཏོགས་དང་ ཡང་ཅིན་ ལཱ་འབད་དེ་ཡོད་རུང་ བཟའ་འཐུང་གི་རིགས་ཚུ་ འཕྲོ་མཐུད་དེ་ར་ ནང་འདྲེན་འབད་བཞིན་དུ་འདུག།

འབྲུག་མི་ཚུ་ སོ་ནམ་གྱི་ལཱ་འབད་སྡོད་མི་ མི་སྡེ་ཅིག་ཨིན་རུང་ སོ་ནམ་གྱི་གནད་དོན་ནང་ མདུན་སྐྱོད་འབད་མ་ཚུགས་པར་ རྒྱབ་ཁར་ལུས་དགོ་མི་དེ་ རྒྱུ་མཚན་ག་ཅི་ལུ་བརྟེན་ཨིན་ན?

འཆར་གཞི་གི་ ཡིག་ཆ་ཚུ་དང་འཁྲིལཝ་ད་ འདས་པའི་ལོ་ཚུ་ནང་ སོ་ནམ་ལས་སྡེ་ནང་ འཆར་དངུལ་བགོ་བཀྲམ་ཚུ་ མར་བབས་སོང་མི་ལུ་བརྟེན་ དམིགས་བསལ་དུ་ ན་གཞོན་ལཱ་གཡོག་མེད་པའི་གྱངས་ཁ་ ཡར་སེང་སོང་ཡོདཔ་ལས་ ཡུན་རིང་ལུ་ འབྱེམ་སྦོམ་སྦེ་ར་ ཕོག་ནི་ཨིན་པའི་ བརྡ་མཚོན་ཅིག་ཨིན་མས།

གཡུས་ཚན་ཚུ་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཡར་འཕར་འགྱོ་མི་དང་བསྟུན་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མིའི་གྱངས་ཁ་ ཡར་སེང་འགྱོཝ་ད་ ཞིང་ལཱ་འབད་མི་ མངམ་མེད་ནི་དེ་གིས་ འཐན་མཇུག་ཁར་ རྒྱལ་ཁབ་ཀྱི་ དམིགས་གཏད་འགྲུབ་མ་ཚུགས་པའི་ གནས་སྟངས་ལུ་ཐུགཔ་ཨིན་མས།

གཞན་དལ་གཞི་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ཐབས་བྱུས་དེ་ སོ་ནམ་ལས་སྡེ་ལུ་ར་ བཞག་དགོཔ་ཅིག་ཨིན་རུང་ ལྟ་བཤལ་དང་ ཆུ་ལུ་བརྟེན་པའི་ གློག་མེ་ལས་འགུལ་ཚུ་ཡང་ གལ་གནད་བཟུང་སྟེ་ ལྷན་གཅིག་འབད་དགོཔ་འདུག།

ཨིན་རུང་ བསྟར་སྤྱོད་འབད་མ་ཚུགས་ནི་དེ་གིས་ རིག་རྩལ་བྱིན་ནི་དང་ ལག་ལེན་འཐབ་བཏུབ་བཟོ་ནིའི་ ལས་རིམ་ལེ་ཤ་ཅིག་ར་ འཕྲོ་བརླག་འགྱོཝ་ཨིན་མས།

འབྲུག་གི་ སོ་ནམ་ལས་དོན་ཐད་ཁར་ གནད་དོན་སྣ་ཚོགས་ལུ་བརྟེན་ ཉུང་ཚད་ཅིག་ལས་བརྒལ་མེདཔ་ད་ དཔེ་འབད་བ་ཅིན་ བཟའ་སྤྱོད་འབད་བཏུབ་པའི་ས་ཆ་ བརྒྱ་ཆ་༣ མ་ལངམ་ཅིག་ལས་མེད་རུང་ མི་འབོར་ས་ཡ་༡ ཡང་མེད་པའི་ རྒྱལ་ཁབ་ཀྱི་དོན་ལུ་ རྫས་སྦྱོར་མེད་པའི་ རང་བཞིན་གྱི་སོ་ནམ་དང་ ཚོང་འབྲེལ་སོ་ནམ་ཐོག་ལས་ ཁེ་ཕན་འབྱུང་དགོཔ་འདུག།

ས་ཆའི་གནས་སྟངས་དང་འཁྲིལཝ་ད་ རི་རྩུབ་དྲགས་དང་ གྱེན་གཟར་དྲགས་ཡོད་མི་ལུ་བརྟེན་ སོ་ནམ་ཐོན་སྐྱེད་ཚུ་གི་དོན་ལུ་ ཚོང་ལམ་མེད་པའི་ དཀའ་ངལ་བྱུང་མི་དེ་ཡང་ འཁོར་ལམ་མཐུད་སྦྲེལ་འབད་མི་དེ་གིས་ ད་ལས་ཕར་ སེལ་ཐབས་འབད་ཚུགས་ནི་ཨིན་མས།

འཆར་གཞི་རྩམ་མི་ཚུ་གིས་འབད་རུང་ བཟའ་འཐུང་རང་ལྡང་མེད་པ་ཅིན་ བྱ་ཐབས་མེད་པར་ གཞན་ལུ་བརྟེན་སྡོད་དགོ་པའི་ གོ་རྟོགས་ལེན་ཞིནམ་ལས་ ཐབས་ལམ་བསྒྲིག་དགོཔ་ཁག་ཆེ་བས།

ཆུ་གཡུར་དང་ གློག་ཐག་ར་བ་བཟུམ་མའི་ ལས་འགུལ་མང་རབས་ཅིག་ འཐུས་ཤོར་བྱུང་སྟེ་འབད་རུང་ ད་ལས་ཕར་ ཡུན་བརྟན་ཅན་དང་ དྲན་ཤེས་ཅན་གྱི་ འཆར་གཞི་བརྩམ་ནི་ལུ་ སེམས་ཤུགས་བསྐྱེད་དགོཔ་འདུག།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *