ཡུན་བརྟན་གནས་ཐབས་ཀྱི་ ཐབས་བྱུས་བཏོན་དགོཔ།

༉ ང་བཅས་རའི་ རྒྱལ་ཁབ་ཀྱི་ ལྕོགས་གྲུབ་གོང་འཕེལ་གཏང་ནིའི་དོན་ལུ་ གཞི་བཙུགས་འབད་མི་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་ལུ་བརྟེན་ ལཱ་གཡོག་མེད་མི་ ན་གཞོན་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ད་ལས་ཕར་ ཁོང་རའི་ རིག་རྩལ་དང་ ལྕོགས་གྲུབ་ཚུ་ གསལ་སྟོན་འབད་ནིའི་དོན་ལུ་ གོ་སྐབས་ལེན་ཚུགས་ནི་ཨིན་མས།

རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ ལཱ་གཡོག་མེད་མི་ ན་གཞོན་གྱི་གྱངས་ཁ་ ཡར་སེང་འགྱོ་བཞིན་དུ་ཡོད་རུང་ རྒྱལ་ཁབ་ཕྱི་ཁ་ལས་ རིག་རྩལ་ཅན་གྱི་ ལས་མི་ཚུ་ ནང་འདྲེན་འབད་དགོ་མི་དེ་ཡང་ གཙོ་བོ་ར་ ནང་འཁོད་ལས་ བཟོ་སྐྲུན་ཚོང་འབྲེལ་ནང་ ཁྱད་རིག་ལྡན་པའི་ལས་མི་ཚུ་ ཉུང་སུ་ཅིག་ལས་བརྒལ་ མེད་ནི་དེ་གིས་ཨིན་མས།

འཕྲལ་ཁམས་ཅིག་ལས་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱིས་ བཟོ་སྐྲུན་ཚོང་འབྲེལ་ནང་ ལཱ་འབད་ནིའི་ དང་འདོད་ཡོད་མི་ འབྲུག་མི་ཚུ་གི་དོན་ལུ་ དངུལ་ཕོགས་ཡར་སེང་འབད་མི་དེ་ རྒྱུད་བསྐུལ་ཐབས་ལམ་ ལེགས་ཤོམ་ཅིག་ཨིན་མས།

འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱིས་ བཟོ་སྐྲུན་ཚོང་འབྲེལ་ནང་ ལཱ་འབད་མི་དང་ ཁྱད་རིགཔ་ཚུ་གི་དོན་ལུ་ དངུལ་ཕོགས་ཡར་སེང་འབད་དགོ་མི་དེ་ཡང་ ཕྱོགས་གཅིག་ལས་བལྟ་བ་ཅིན་ རང་མགོ་རང་འདྲོངས་བཟོ་ནིའི་ རྒྱལ་ཡོངས་ཀྱི་དམིགས་གཏད་དང་ མཐུན་འགྲིགས་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་མས།

འདི་བཟུམ་མའི་ སེམས་ཤུགས་ཐབས་ལམ་བཏོན་མི་དེ་གིས་ ད་ལས་ཕར་ བཟོ་སྐྲུན་ལས་སྡེ་ནང་ མི་སྟོབས་མ་ལང་པའི་ དཀའ་ངལ་ཡོད་མི་དེ་ སེལ་ཐབས་འབད་ཚུགས་ནི་ཨིནམ་མ་ཚད་ དམིགས་བསལ་དུ་ ཡར་རྒྱས་འགྱོ་མི་ ཁྲོམ་སྡེ་ཚུ་ནང་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོད་མི་ཚུ་ལུ་ ཟད་འགྲོ་མར་ཕབ་རྐྱབ་ཚུགས་པའི་ཁར་ ལཱ་ཁག་མི་རྐྱབ་ནི་ཨིན་མས།

འདི་བཟུམ་སྦེ་ ན་གཞོན་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཚོང་འབྲེལ་གོ་སྐབས་ཚུ་ འཚོལ་ཞིབ་འབད་ཚུགས་པའི་ཁར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ ལཱ་གཡོག་འཚོལ་མི་ཚུ་གི་དོན་ལུ་ཡང་ ཚོང་ལམ་གསརཔ་ཚུ་ སྒོ་ཕྱེ་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་མས།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ འབྲུག་ལུ་ བཟོ་སྐྲུན་ལས་སྡེ་ནང་ ཕྱི་ཁའི་ལས་མི་༥༠,༠༠༠ དེ་ཅིག་ དགོས་མཁོ་ཡོད་མི་དང་བསྟུན་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱིས་འབད་རུང་ ལས་སྡེའི་གནས་ཚད་ བསྐྱར་བཟོ་འབད་མི་ལུ་བརྟེན་ དམིགས་བསལ་དུ་ ལཱ་གཡོག་མེད་མི་ ན་གཞོན་ཚུ་ལུ་ ཕན་ཁྱད་འབྱུང་ནི་ཨིན་མས།

ལཱ་གཡོག་བཟོ་ནིའི་ནང་ སེམས་ཤུགས་མཐུན་རྐྱེན་གྱི་ ཐབས་ལམ་བཏོན་མི་དེ་ ལེགས་པའི་འགྱུར་བ་ཨིནམ་ད་ རྒྱལ་ཁབ་ཀྱི་དཔལ་འབྱོར་ མདུན་སྐྱོད་འབད་དགོ་པ་ཅིན་ སྒེར་སྡེ་ཡར་རྒྱས་གཏང་ནི་ལུ་ གཙོ་རིམ་བཟུང་དགོཔ་བཞིན་དུ་ ཞི་གཡོག་གི་ཐད་ཁར་ ཆུང་སུ་དང་ འཇོན་ཐངས་ཅན་སྦེ་ བཞག་དགོཔ་ཨིན།

འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱི་ གདོང་ལེན་ངོ་མ་ར་ དུས་ཐུང་ལས་འགུལ་བཟུམ་སྦེ་ འོང་སྲིད་ནི་དེ་ཨིནམ་ད་ དེ་གིས་ ལས་མིའི་ཚོང་འབྲེལ་ནང་ གནོད་སྐྱོན་སྦོམ་སྦེ་ར་ འབྱུང་ཉེན་འདུག།

གལ་སྲིད་ ལས་འགུལ་འདི་ ཡུན་བརྟན་གནས་མ་ཚུགས་པ་ཅིན་ སྒེར་གྱི་ལས་སྡེ་ཚུ་གིས་ ལས་བྱེདཔ་ཚུ་ལུ་ ལས་འགུལ་གྱིས་བཟོ་མི་ གནས་ཚད་དང་བསྟུན་ དངུལ་ཕོགས་སྤྲོད་ནི་ལུ་ ལཱ་ཁག་རྐྱབ་ནི་ཨིན་མས།

ལས་འགུལ་ཡུན་བརྟན་གནས་ནིའི་དོན་ལུ་ དམིགས་བསལ་དུ་ བཟོ་སྐྲུན་ཚོང་འབྲེལ་གྱི་ ལས་སྣ་ཚུ་ནང་ མཁས་མཆོག་ཚངམ་སྦེ་ བཟོ་དགོཔ་བཞིན་དུ་ གནད་དོན་དེ་ སྤྱི་ཚོགས་ནང་ གྲོས་བསྟུན་འབད་ཞིནམ་ལས་ འཆར་དངུལ་ལོགས་སུ་སྦེ་ བཞག་དགོཔ་འདུག།

འདི་མེན་པ་ཅིན་ ད་རུང་ ཕྱི་ཁའི་ལས་མི་ལུ་ འཕྲོ་མཐུད་བརྟེན་དགོ་པའི་ཁར་ ལཱ་གཡོག་མེད་པའི་དཀའ་ངལ་ སེལ་ཐབས་འབད་མི་ཚུགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *