གཞུང་དགེ་འདུན་གྲྭ་ཚང་གི་ལས་ཚོགས་སློབ་དཔོན་གྱིས་ སྨན་ཁབ་མོ་ཌར་ན་ལུ་ ཁྲུས་གསོལ་གནང་པའི་བསྒང་།

ཡུ་ཨེསི་ཨེ་ལས་ ནད་ཡམས་ཀོ་བིཌ་-༡༩ འི་ མོ་ཌར་ན་སྨན་ཁབ་༥༠༠,༠༠༠ འབྲུག་ལུ་ལྷོད་ཡོདཔ།

༉ ཡུ་ཨེསི་ཨེ་གིས་ འབྲུག་ལུ་ གསོལ་རས་བྱིན་མི་ ནད་ཡམས་ཀོ་རོ་ན་བའེ་རཱསི་གི་ མོ་ཌར་ན་སྨན་ཁབ་༥༠༠,༠༠༠ ཁ་ཙ་ ཉིན་མའི་ཆུ་ཚོད་༤ དང་སྐར་མ་༥༠ དེ་ཅིག་ལུ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ལྷོད་ཡོདཔ་ཨིན།

དེ་ཡང་ ཀོ་བེགསི་ཞབས་ཏོག་བརྒྱུད་དེ་ སྐྱེལ་འདྲེན་འབད་མི་ མོ་ཌར་ན་སྨན་ཁབ་དེ་ དམིགས་བསལ་གྱི་ གནམ་གྲུ་ཅིག་ནང་སྦེ་ ལྷོད་ཡོདཔ་ཨིན།

དེ་བཟུམ་སྦེ་ ཌེན་མཱག་གིས་ རྒྱབ་སྐྱོར་འབད་མི་ ཨེསི་ཊ་ཟེ་ནེ་ཀ་སྨན་ཁབ་༢༥༠,༠༠༠ ལས་༡༢༡,༩༠༠ ད་རིས་ རྒྱལ་ཁབ་ནང་ ལྷོད་ནི་ཨིནམ་ད་ ལྷག་ལུས་༡༢༧,༠༠༠ ཤུལ་མའི་བདུན་ཕྲག་ནང་ ལྷོད་ནི་ཨིན་པས།

སྨན་ཁབ་ཐེངས་༢ པ་དེ་ སྤྱི་ཟླ་༧ པའི་བར་མཚམས་ལས་ འགོ་བཙུགས་ནི་ཨིན་ཟེར་ ད་རེས་ཁམས་ཅིག་ཁར་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ ཚེས་གྲངས་གཏན་འཁེལ་ བཟོ་སྟེ་མེདཔ་ཨིན་པས།

བློན་པོ་གིས་འབད་བ་ཅིན་ སྨན་ཁབ་ཐེངས་༢ པའི་སྐབས་ ཧེ་མ་ར་ སྨན་ཁབ་ཐེངས་དང་པ་ བཙུགས་མི་ཚུ་ལུ་ གཉིས་པམ་དེ་ བཙུགས་པའི་ཤུལ་ལས་ སྐྱེས་ལོ་༡༢ ལས་༡༧ བར་ན་འབད་མི་ཚུ་ལུ་ བཙུགས་ནི་དང་ མི་མང་སྨན་ཁབ་ལས་རིམ་དེ་ཡང་ དུས་ཚོད་ཅིག་ བཀག་ཞིནམ་ལས་ ཐེངས་དང་པ་དེ་དང་ ཅོག་འཐདཔ་སྦེ་ བཙུགས་ནི་ཨིན་ཟེར་བཤད་ཅི།

ད་ལྟོ་ ཐོ་བཀོད་གྱི་ལཱ་ཚུ་ འགོ་འདྲེན་འཐབ་བཞིན་དུ་ཡོདཔ་ཨིན་རུང་ ཧེ་མ་ལས་ ཐོ་བཀོད་འབད་མི་ཚུ་ ལོག་ཐོ་བཀོད་འབད་མ་དགོཔ་ཨིན་པས།

རྒྱ་གར་ལུ་ཡོད་པའི་ ཡུ་ཨེསི་ཨེ་གི་གཞུང་ཚབ་དང་ དོན་གཅོད་ཡིག་ཚང་གི་ གཞུང་ཚབ་གན་འཛིན་པ་ ཨ་ཏུལ་ཁེ་ཤབ་ཀྱིས་ གནས་ཚུལ་གསར་བཏོན་ནང་ བཀོད་མིའི་ནང་ སྨན་ཁབ་དེ་ ཡུ་ཨེསི་ཨེ་གཞུང་དང་ མི་སེར་ཚུ་གིས་ གསོལ་རས་སྦེ་ གནང་ཡོདཔ་ད་ ཡུ་ཨེསི་དང་ འབྲུག་གི་བར་ནའི་ མཐུན་འབྲེལ་ལུ་ལྟ་སྟེ་ དཔའ་མཉམ་ཡོད་ཟེར་ཨིན་པས།

ད་རེས་ འབྲུག་གིས་ མི་སེར་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་ནང་ རྒྱབ་སྐྱོར་འབད་མི་དེ་གིས་ རྒྱ་གར་དང་ པེ་སི་ཕིག་ལུང་ཕྱོགས་ནང་ ཡུ་ཨེསི་ཨེ་གིས་ འགོ་ཁྲིད་འབད་ཡོད་པའི་ བརྡ་སྟོན་འབདཝ་ཨིན་ཟེར་ཨིན་པས།

དེ་མ་ཚད་ ད་རེས་ མོ་ཌར་ན་སྨན་ཁབ་ འབྲུག་ལུ་ལྷོད་མི་དེ་ ཡུ་ཨེསི་ཨེ་གིས་ འབྲུག་ལུ་ ནད་ཡམས་ཀོ་བིཌ་-༡༩ བཀག་ནིའི་ནང་ ཆ་རོགས་འབད་བའི་ བརྡ་མཚོན་ཨིན་ཟེར་ཨིན་པས།

ནད་ཡམས་དེ་ ཐོནམ་ལས་འགོ་བཟུང་ ད་ལྟོ་ཚུན་ ཡུ་ཨེསི་ཨེ་གིས་ འབྲུག་ལུ་ གསོ་བའི་ལམ་ལུགས་ རྩ་བརྟན་བཟོ་ནི་དང་ འཕྲུལ་རིག་གི་རྒྱབ་སྐྱོར་ དེ་ལས་ ཚན་རིག་བརྟག་དཔྱད་ཁང་ རྩ་བརྟན་བཟོ་ནིའི་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༡ གནས་པའི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྲོག་རླུང་དུང་༡༡༠ དང་ ཨེན་༩༥ འབད་མི་ཁ་རས་༡༧,༠༠༠ སྨན་བཅོས་འཕྲུལ་ཆས་དང་ སྣུམ་འཁོར་ དེ་ལས་ ཝེན་ཊི་ལེ་ཊར་དང་ ཁག་ཆེ་བའི་གསོ་བའི་ཅ་ཆས་ཚུ་ཡང་ གྲོགས་རམ་སྦེ་ བྱིན་ཡོདཔ་ཨིན་པས།

ད་རེས་ཁམས་ བློན་ཆེན་ཌོག་ཊཪ་ བློ་གྲོས་ཚེ་རིང་མཆོག་གིས་ མ་གཞི་ མི་སེར་ཚུ་ལུ་ སྨན་ཁབ་ཐེངས་དང་པ་ ཨེསི་ཊ་ཟེ་ནེ་ཀ་བཙུགས་མི་དང་འཁྲིལ་ ཐེངས་༢ པ་དེ་ཡང་ ཨེསི་ཊ་ཟེ་ནེ་ཀ་དེ་ར་ བཙུགས་ནི་ལུ་ རྩ་འགེངས་ནི་ཨིན་རུང་ སྨན་ཁབ་གཞན་བཙུགས་ནིའི་ གདམ་ཁ་ཡང་ཡོད་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *