ཡུ་རོ་པི་ཡན་ ཡུ་ནི་འོན་གྱིས་ འབྲུག་གི་དོན་ལུ་ འཕྲོ་མཐུད་གྲོགས་རམ་འབད་ནི།

༉ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་ཆུང་སུ་སྦེ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ ཕྱིར་འཐོན་འབད་ནི་ཨིནམ་ལས་ ཕྱིའི་གྲོགས་རམ་ཚུ་ མ་འཐོབ་པའི་ཚ་གྱང་ཡོད་རུང་ ཡུ་རོ་པི་ཡཱན་ ཡུ་ནི་འོན་གྱིས་ དོན་སྨིན་ཅན་གྱི་གྲོགས་རམ་ཚུ་ འབད་བཞིན་དུ་ སྡོད་འོང་ཟེར་ཨིན་པས།
དེ་ཡང་ འབྲུག་ལུ་ ཡུ་རོ་པི་ཡཱན་ ཡུ་ནི་འོན་གྱི་གཞུང་ཚབ་ ཏོ་མཱཛ་ ཀོཛ་ལོསི་ཀི་གིས་ སླབ་མིའི་ནང་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་ཆུང་སུ་འགྱོ་མི་ རྒྱལ་ཁབ་ཚུའི་གྲས་ལས་ ཕྱི་ཁར་ཐོན་ཏེ་ གོང་འཕེལ་འགྱོ་མིའི་གྲངས་སུ་ ཚུད་དེ་འབད་རུང་ ཡུ་རོ་པི་ཡཱན་ ཡུ་ནི་འོན་གྱིས་ གྲོགས་རམ་ཚུ་ འཕྲོ་མཐུད་དེ་ར་ འབད་སྡོད་འོང་ཟེར་ཨིན་པས།
གཞུང་ཚབ་ཀྱིས་ བཤད་མིའི་ནང་ ཡུ་རོ་པི་ཡཱན་ ཡུ་ནི་འོན་དང་ འབྲུག་གཞུང་གི་བར་ན་ འགོ་དང་པ་ མཐུན་ལམ་འགོ་བཙུགས་པའི་སྐབས་ གོང་འཕེལ་མཉམ་འབྲེལ་སྦེ་ འགོ་བཙུགས་ཡོད་རུང་ ལོ་ངོ་བཅུ་ཕྲག་གི་ཤུལ་ལས་ སྲིད་དོན་དང་དཔལ་འབྱོར་ དེ་ལས་ མི་སྡེ་དང་འབྲེལ་བའི་གནད་དོན་ཚུ་ལུ་ སྲིད་བྱུས་དང་གྲོགས་རམ་ཚུ་ འབད་ནིའི་ནང་ གྲལ་གཏོགས་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
གཞུང་ཚབ་ཀྱིས་ བཤད་མིའི་ནང་ སྤྱི་ལོ་༢༠༡༤ ལས་༢༠༢༠ གི་དོན་ལུ་ རང་མགོ་རང་འདྲོངས་བཟོ་ཐབས་དང་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ ས་གནས་གཞུང་གི་ མི་སྟོབས་ཡར་དྲག་གཏང་ནི་ དེ་ལས་ ཚོང་འབྲེལ་གྱི་ལྕོགས་གྲུབ་ ཡར་དྲག་གཏང་ནི་ལ་སོགས་པའི་དོན་ལུ་ གྲོགས་རམ་བསྡོམས་ཀྱིས་ ཡུ་རོ་ས་ཡ་༥༢ བྱིན་ཏེ་ཡོད་ཟེར་ཨིན་པས།
གཞུང་ཚབ་ཀྱིས་ སླབ་མིའི་ནང་ ཁོང་གིས་ མ་དངུལ་གྱི་ཐོག་ལས་ གྲོགས་རམ་འབད་དོ་ཡོད་རུང་ ལཱ་འབད་ནི་དེ་ གཞུང་གིས་གཙོ་རིམ་དང་འཁྲིལ་ཏེ་ ཟད་འགྲོ་ཚུ་གཏང་ནི་ཡོད་ཟེར་ཨིན་པའི་ཁར་ འཕྲོ་མཐུད་གྲོགས་རམ་འབད་ནིའི་དོན་ལུ་ཡང་ གྲོས་བསྟུན་ཚུ་འབད་འོང་ཟེར་ཨིན་པས།
ཁ་ཙ་ གཞུང་དང་ མི་སྡེ་ལས་ཚོགས་ དེ་ལས་ ཚོང་འབྲེལ་ལས་སྡེ་ཚུ་དང་གཅིག་ཁར་ གྲོགས་རམ་འབད་ནིའི་ ལམ་རིམ་ཅིག་ཡང་ འགོ་བཙུགས་མིའི་དོན་ལུ་ ཡུ་རོ་ས་ཡ་༤ དེ་ཅིག་གྲོགས་རམ་འབད་ཡོདཔ་ད་ ལས་རིམ་དེ་གིས་ འབྲུག་པའི་ངོ་རྟགས་ཡོད་པའི་ ཅ་ཆས་དང་ཚོང་འབྲེལ་འབད་ནིའི་ནང་ གྲོགས་རམ་ཚུ་འབད་ནི་ཨིན་པས།
དུས་ཅི་ ལོ་མཇུག་བསྡུ་ཁམས་ལས་ འཆར་གཞི་༡༢ པའི་ལས་སྣ་ཚུ་ འགོ་བཙུགས་ནི་ཨིན་རུང་ ཁོང་གིས་ གྲོགས་རམ་ཚུ་ འབད་དོ་ཡོདཔ་ད་ གྲོགས་རམ་གྱི་གནས་ཡུན་དེ་ སྤྱི་ལོ་༢༠༢༠ ཚུན་ཨིན་རུང་༢༠༢༢ ཚུན་ གྲོགས་རམ་མ་དངུལ་ཚུ་ བྱིན་ཏེ་ར་སྡོད་འོང་ཟེར་ཨིན་པས།
རྒྱ་གར་ ལྡི་ལི་ལུ་ཡོད་མི་ ཡུ་རོ་པི་ཡཱན་ཡུ་ནི་འོན་གྱི་ གཞུང་ཚབ་སྡེ་ཚན་གྱིས་ འབྲུག་ལུ་སྤྱི་ཟླ་༥ པའི་ཚེས་༢༢ ལས་༢༥ ཚུན་ གཞུང་འབྲེལ་ལྟ་སྐོར་ནང་ འོང་ཡོདཔ་ད་ སྡེ་ཚན་དེ་གིས་ འབྲུག་དང་གཅིག་ཁར་ གྲོགས་རམ་ཚུ་ ག་ཅི་འབད་ནི་ཨིན་ནིའི་སྐོར་ལས་ གྲོས་བསྟུན་འབད་ནི་དང་ ཟུང་ཕྱོགས་གཉིས་ཀྱི་བར་ན་ སྲིད་དང་འབྲེལ་བའི་མཐུན་ལམ་ཚུ་ བསྐྱར་ཞིབ་ཀྱི་ བསམ་འཆར་བརྗེ་སོར་འབད་ཡོདཔ་ཨིན་པས།
ཡུ་རོ་པི་ཡཱན་ཡུ་ནི་འོན་གྱིས་ འབྲུག་གི་དམངས་གཙོ་རིང་ལུགས་ནང་ དཔལ་འབྱོར་ཡུན་བརྟན་དང་ སོ་ནམ་ལས་སྡེ་ནང་ གོང་འཕེལ་ དེ་ལས་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ གདོང་ལེན་ཚུ་འབད་ནིའི་ནང་ གྲོགས་རམ་འབད་ནི་ལུ་ ཁས་བླངས་ནན་བསྐྱར་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *