ཡིག་འབྲི་མཁོ་ཆས་ཀྱི་ཟད་འགྲོ་ གསར་སྒྲུབ་མ་དངུལ་ལུ་ བསྒྱུར་བཅོས་འབད་ཐབས་མེདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ རྩིས་ལོ་༢༠༢༡ གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ལུ་ འཕྲོ་མཐུད་གསུང་གྲོས་གནང་བའི་སྐབས་ ཡིག་འབྲི་མཁོ་ཆས་མ་དངུལ་གུ་ གསུང་གྲོས་ཡུན་རིངམོ་སྦེ་གནང་ཡི།

དེ་གི་སྐབས་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ ཡིག་འབྲི་མཁོ་ཆས་ཀྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༣༦ འབད་མི་དེ་ རྒྱུན་སྐྱོང་མེན་པར་ གསར་སྒྲུབ་དོན་ལུ་སྦེ་ བསྒྱུར་བཅོས་གནང་དགོ་པའི་ གྲོས་དོན་ཞུ་ཡི།

དེ་ལུ་ འཐུས་མི་ལ་ལོ་ཅིག་གིས་ རྒྱབ་སྐྱོར་ནན་སྐྱར་ཕུལ་ཡོདཔ་ད་ བཀྲིས་ཆོས་གླིང་གི་འཐུས་མི་ དིལ་མ་ཡ་ རའེ་གིས་འབད་རུང་ ག་དེམ་ཅིག་སྦེ་ མ་དངུལ་དེ་ གསར་སྒྲུབ་ལུ་ བསྒྱུར་བཅོས་འབད་ཚུགས་པ་ཅིན་ སློབ་གྲྭ་རྙིངམ་ཚུ་ནང་གི་ སློབ་ཕྲུག་ཉལ་ཁྱིམ་དང་ གསང་སྤྱོད་ཚུ་ ཉམས་བཅོས་འབད་ནི་ལུ་ཡང་ ཕན་ཐོགས་འོང་ཟེར་ཞུ་ཡི།

སྨན་སྦིས་- བཙན་མཁར་གྱི་ འཐུས་མི་གིས་འབད་རུང་ མ་དངུལ་དེ་ རྒྱུན་སྐྱོང་ལས་ གསར་སྒྲུབ་ལུ་ བསྒྱུར་བཅོས་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ད་ ད་ལྟོའི་གནས་སྟངས་ནང་ སློབ་གྲྭའི་དགོས་མཁོ་དང་འཁྲིལ་ རྒེད་འོག་དང་ རྫོང་ཁག་ཚུ་གིས་ མ་དངུལ་ཚུ་ ལག་ལེན་འཐབ་པའི་སྐབས་ སྟབས་མ་བདེཝ་ སྦོམ་སྦེ་ར་ འདུག་ཟེར་ཞུ་ཡི།

ཨིན་རུང་ ཚོགས་དཔོན་དང་ གཞན་འཐུས་མི་ ལ་ལོ་ཅིག་གིས་ རྒྱུན་སྐྱོང་གི་མ་དངུལ་དེ་ གསར་སྒྲུབ་ལུ་ བསྒྱུར་བཅོས་འབད་ཐབས་ མེདཔ་སྦེ་ཞུ་ཡི།

གསང་སྦིས་ཁའི་འཐུས་མི་ རྡོ་རྗེ་དབང་མོ་གིས་འབད་བ་ཅིན་ མ་དངུལ་དེ་ དགོས་མཁོ་ཆེ་བའི་ བཟའ་ཚང་མཉམ་ཆུང་ཚུ་ནང་ལས་འོང་མི་ སློབ་ཕྲུག་ཚུ་ ངོས་འཛིན་འབད་དེ་ བྱིན་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་དང་ སློབ་དཔོན་མང་ཤོས་ཅིག་གིས་ གྲོང་གསེབ་ཀྱི་ སློབ་གྲྭ་ཚུ་ནང་ འགྱོ་མི་བཏུབ་དོ་ཡོདཔ་ལས་ ཁོང་ལུ་ སེམས་ཤུགས་བསྐྱེད་བཅུག་ནིའི་ ཐབས་ལམ་ཚུ་གི་དོན་ལུ་ ལག་ལེན་འཐབ་རུང་ བཏུབ་པས་ཟེར་ཞུ་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་འབད་བ་ཅིན་ ད་རེས་ ཤེས་རིག་ནང་ སྟབས་མ་བདེཝ་ཡོད་མི་ཚུ་ གཞུང་ལྟེ་བ་དང་ ས་གནས་གཉིས་ལས་ ག་དེ་ནང་འདུག་ག་ ལྟ་བའི་སྐབས་ མང་ཆེ་ཤོས་ཅིག་ གཞུང་ལྟེ་བའི་ནང་ འཛིན་སྐྱོང་དང་ བདག་སྐྱོང་གི་ དཀའ་ངལ་དེ་ར་ ཨིན་པས་ཟེར་ཞུ་ཡི།

དེ་ཡང་ དཔྱེ་འབད་བ་ཅིན་ དུས་ཅི་ སྤྱི་ལོ་༢༠༢༡ གི་ ཤེས་རིག་གི་ལོ་འགོ་བཙུགསཔ་ད་ ཡིག་འབྲི་མཁོ་ཆས་དང་ སྒྲིག་གོ་གི་ཟད་འགྲོའི་སྐོར་ལས་ མགུ་འཐོམ་སྦོམ་སྦེ་ར་ བྱུང་ཡོདཔ་མ་ཚད་ ཐ་ན་ གཞུང་གི་ ལྷན་རྒྱས་ཁོང་རའི་བར་ན་ཡང་ གོ་བརྡ་མ་མཐུན་པའི་ དཀའ་ངལ་བྱུང་ཡི་ཟེར་ཞུ་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ ཤེས་རིག་ལྷན་ཁག་གི་ཧོངས་ལས་ ཡིག་འབྲི་མཁོ་ཆས་དང་ སྒྲིག་གོ་གི་ཟད་འགྲོ་ཚུ་ ངེས་པར་དུ་ འཐོབ་དགོཔ་སྦེ་ར་ སླབ་ཡོདཔ་ཨིན་རུང་ དངུལ་རྩིས་ལྷན་ཁག་གི་ཧོངས་ལས་ འཐོབ་མི་ཐོབ་ ཏན་ཏན་ཅིག་སྦེ་ མ་ཤེས་པར་སྡོད་ཅི་ཟེར་ཞུ་ཡི།

ད་ལྟོའི་ལམ་ལུགས་ནང་འབད་བ་ཅིན་ སློབ་རིམ་༦ པ་ཚུན་གྱི་ མ་དངུལ་ཚུ་ རྒེད་འོག་གིས་དང་ སློབ་རིམ་༧ པ་ལས་༡༢ ཚུན་གྱི་ མ་དངུལ་ཚུ་ རྫོང་ཁག་གིས་ གཏང་དགོཔ་སྦེ་ ཚུད་དེ་ཡོདཔ་ཨིན་རུང་ གཞུང་ལས་ དེ་དང་བསྟུན་པའི་ མ་དངུལ་གནང་གནངམ་མེདཔ་ལས་ རྒེད་འོག་དང་ རྫོང་ཁག་གི་ མ་དངུལ་ནང་ལས་ བདེ་སྒྲིག་འབད་དེ་ གཏང་དགོ་པའི་སྐབས་ ལཱ་ཁག་རྐྱབ་མས་ཟེར་ སླབ་མས་ཟེར་ཨིན་པས།

གཞུང་ལྟེ་བའི་ནང་ སྲིད་བྱུས་དང་ བདག་སྐྱོང་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཅིག་ ཨིན་མས་ཟེར་ཞུ་ཡི།

བོང་མགོ་- སྐྱབས་ཆའི་འཐུས་མི་ ཚེ་དབང་ལྷམོ་གིས་འབད་བ་ཅིན་ ནད་ཡམས་ལུ་བརྟེན་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་དགོ་པའི་ རྩ་ཚན་ལེ་ཤ་ཅིག་ར་ བཟོ་ཡོདཔ་ཨིན་རུང་ སློབ་གྲྭ་ལ་ལོ་ཅིག་ནང་ ཡོངས་འབྲེལ་ཐོག་གི་ སློབ་སྟོན་ལས་རིམ་ལུ་དགོ་པའི་ཅ་ཆས་ ཊི་བི་དང་ ཀམ་པུས་ཊར་ དེ་ལས་ འགྲུལ་འཕྲིན་ཚུ་མེདཔ་ལས་ ད་རེས་ ཡིག་འབྲི་མཁོ་ཆས་ཀྱི་ཟད་འགྲོ་ སྤྱོད་ནིའི་དབང་ཚད་ སློབ་གྲྭ་ཚུ་ལུ་ སྤྲོད་མི་གིས་ དེ་བཟུམ་མའི་ མཁོ་ཆས་ཚུ་ ཉོ་ནི་ལུ་ ཕན་ཐོགས་འོང་ཟེར་ཞུ་ཡི།

ཁ་སྟོད་- ལ་ཡ་གི་འཐུས་མི་གིས་ ཞུ་མིའི་ནང་ མ་གཞི་ ཡིག་འབྲི་མཁོ་ཆས་ཀྱི་འཐུས་དེ་ གསར་སྒྲུབ་ལུ་ར་ བསྒྱུར་བཅོས་འབད་ཐབས་མེད་རུང་ དུམ་གྲ་རེ་ སླ་བསྲེས་དགོཔ་ འདུག་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ མཐའ་ཟུར་གྱི་ སློབ་གྲྭ་ལ་ལོ་ཅིག་ནང་ ཨ་ལོ་ཚུ་ལུ་ བཞེས་སྒོ་འབད་སའི་ ཧོད་ཚུ་དང་ གླང་ལེབ་ཚུ་ཡང་ ཉོ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ལས་ མ་དངུལ་དེ་ལས་ གསར་སྒྲུབ་དུམ་གྲ་རེ་ཡང་ འབད་ཆོགཔ་སྦེ་ བཟོ་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཞུ་ཡི།

མཁར་གཡུ་རུང་གི་འཐུས་མི་ ཚེ་རིང་ཆོས་སྒྲོན་གྱིས་འབད་ཅིན་ ནད་ཡམས་དེ་ མགྱོགས་སུ་ཅིག་སྦེ་ མཇུག་བསྡུ་ནི་མེནམ་ལས་ ད་རེས་གནང་མི་ ཡིག་འབྲི་མཁོ་ཆས་མ་དངུལ་དེ་གུ་ ཧེང་སྐལ་གནང་ཚུགས་པ་ཅིན་ དེ་གིས་ ཨ་ལོ་ཚུ་ལུ་ ཌ་ཊ་བཙུགས་ནི་དང་ བའུ་ཅར་བཙུགས་ནི་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཞུ་ཡི།

རྩིས་ལོ་༢༠༢༠-༢༡ གི་ ལྷན་ཐབས་འཆར་དངུལ་ དཔྱ་བགོའི་དཔྱད་ཡིག་ དངུལ་ཀྲམ་ས་ཡ་༢,༧༨༣.༧༠༣ འབད་མི་དེ་དང་ རྩིས་ལོ་༢༠༢༡-༢༢ ཀྱི་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ རྒྱུན་སྐྱོང་གི་ཟད་འགྲོ་ དངུལ་ཀྲམ་ས་ཡ་༣༥,༥༩༨.༦༦༤ དང་ གསར་སྒྲུབ་ཀྱི་ཟད་འགྲོའི་ དངུལ་ཀྲམ་ས་ཡ་༤༤,༨༨༤.༤༨༦ འབད་མི་དེ་ དེ་ལས་ སྐྱིན་ཚབ་སྤྲོད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༥,༦༥༤.༤༡༥ འབད་མི་བརྩིས་ཏེ་ ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༨༠,༤༨༣.༡༥༠ འབད་མི་དེ་གཉིས་ ད་རིས་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་འཇོག་གནང་སྟེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *