མེ་ལོང་ཁར་ སྡེ་རིམ་༢ པའི་སྨན་ཁང་།

ཡང་ལང་རྒེད་འོག་ མེ་ལོང་ཁར་སྨན་ཁང་ སྡེ་རིམ་༢ པའི་ནང་ སྨན་གཡོགམོ་མེད་པའི་གདོང་ལེན།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ མེ་ལོང་ཁར་སྡེ་རིམ་༢ པའི་སྨན་ཁང་ནང་ སྨན་གཡོགམོ་མེདཔ་ལས་ ཨམ་སྲུ་དང་འབྲེལ་བའི་ཞབས་ཏོག་ལེན་པར་ རྒེད་འོག་སྨན་ཁང་ནང་ འགྱོ་དགོཔ་ཐོན་ཏེ་འདུག།
དེ་ཡང་ ཨམ་སྲུ་དང་འབྲེལ་བའི་ཞབས་ཏོག་ཚུ་ སྨན་པ་ཕོ་སྐྱེས་ལས་ལེནམ་ད་ ཨམ་སྲུ་ཚུ་ ངོ་ཚ་མི་ལུ་བརྟེན་ ལ་ལོ་ཅིག་གིས་ ཞབས་ཏོག་མ་ལེན་པར་ ཁྱིམ་ནང་ར་ སྡོད་དོ་ཡོདཔ་ཨིན་པས།
ཧེ་མ་ ཨམ་སྲུ་ཅིག་ སྨན་པ་ཕོ་སྐྱེས་ཀྱི་གདོང་ཁར་ ཨ་ལོ་སྐྱེ་ནི་ངོ་ཚ་ནི་དེ་གིས་ ལམ་ཁར་ར་ ཤི་རྐྱེན་བྱུང་ཡོདཔ་ད་ དེའི་ཤུལ་ལས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ རྫོང་ཁག་དང་ རྒེད་འོག་བདག་སྐྱོང་ལུ་ སྨན་གཡོགམོ་ཅིག་དགོ་པའི་སྐོར་ལས་ ཞུ་བ་འབད་ཡོད་རུང་ ད་ཚུན་ ལན་གསལ་ནི་ཡང་ མེདཔ་ཨིན་པས།
ས་གནས་ཀྱི་ ཨམ་སྲུ་ཚུ་གིས་ སླབ་མི་དང་འཁྲིལ་བ་ཅིན་ སྨན་གཡོགམོ་ཨམ་སྲུ་ཅིག་དགོཔ་ ངེས་བདེན་ཡོད་ཟེར་ཨིནམ་ད་ ཨམ་སྲུ་ལ་ལོ་ཅིག་ དུས་ཡུན་ཆུ་ཚོད་༦ ལྷགཔ་ཅིག་ རྐང་སྟོང་སྦེ་ རྒེད་འོག་སྨན་ཁང་ནང་ འགྱོ་དགོ་པས་ཟེར་ཨིན་པས།
གཡུས་མི་ དབང་འདུས་ཚེ་རིང་གིས་ སླབ་མིའི་ནང་ སྤྱིར་བཏང་ཨམ་སྲུ་ཚུ་གིས་ དྲུང་འཚོ་དང་ སྨན་གཡོགམོ་ཕོ་སྐྱེས་ཚུ་ལས་ མངལ་སྒོ་བརྟག་དཔྱད་པེབ་སི་མཱར་དང་ ཨམ་སྲུ་དང་འབྲེལ་བའི་ཞབས་ཏོག་ལེན་མི་ དཀོན་སུ་ཡོད་མི་དེ་ཡང་ ངོ་ཚ་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
སོ་ནམ་པ་ འཆི་མེད་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨམ་སྲུ་ཚུ་གིས་ སྨན་པ་ཕོ་སྐྱེས་འབདཝ་ད་ ཞབས་ཏོག་ལེན་མི་དེ་ཅིག་ར་ མི་འོང་པས་ཟེར་ ཨིན་པས།
མོ་གིས་ སླབ་མིའི་ནང་ ཞབས་ཏོག་ལེན་པར་ དུས་ཡུན་ཆུ་ཚོད་༦ དེ་ཅིག་ རྐང་སྟོང་སྦེ་ རྒེད་འོག་ལྟེ་བ་ལུ་འགྱོ་དགོཔ་ལས་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་ལུ་ ཉེན་ཁ་འདུག་ཟེར་ཨིནམ་ད་ གཞུང་ལས་ སྨན་གཡོགམོ་ཅིག་གནང་ཚུགས་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཨིན་པས།
འཆི་མེད་དབང་མོ་ལུ་ དཀའ་ངལ་ཡོད་དོ་བཟུམ་སྦེ་ ཨམ་སྲུ་གཞན་ཚུ་གིས་ཡང་ དཀའ་ངལ་ཅོག་འཐདཔ་སྦེ་ར་བཤད་དོ་ཡོདཔ་ད་ སྨན་གཡོགམོ་ཅིག་ཡོད་པ་ཅིན་ སྟབས་བདེ་ནི་མས་ཟེར་ ས་གནས་ནང་སྡོད་མི་ཚུ་གིས་ བཤདཔ་ཨིན་པས།
ཞབས་ཏོག་ལེན་པར་ མེ་ལོང་ཁར་སྨན་ཁང་ནང་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་དང་ རྒེད་འོག་ལྟེ་བ་ལུ་ ཆུ་ཚོད་༦ ལྷགཔ་ཅིག་ རྐང་སྟོང་སྦེ་འགྱོ་དགོ་ཟེར་ སོ་ནམ་པ་ བདེ་ཆེན་གྱིས་བཤད་པའི་ཁར་ སྤྱི་འོག་༣ ནང་ འཁོར་ལམ་གྱི་མཐུན་རྐྱེན་མེདཔ་ལས་ ཞབས་ཏོག་གཞན་ཡང་ དགོ་པས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ གློ་བུར་གྱི་རྐྱེན་རེ་འཐོན་པ་ཅིན་ སྨན་ཁང་གི་ཞབས་ཏོག་ལེན་པར་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་འགྱོ་ནི་དེ་ ལཱ་ཁག་འདུག་ཟེར་ཨིནམ་ད་ སྨན་ཁང་གི་མཐུན་རྐྱེན་ཚུ་ མི་སེར་གྱི་ཉེ་འདབས་ལུ་ གནང་དགོཔ་ཁག་ཆེ་བས་ཟེར་ ཨིན་པས།
མེ་ལོང་ཁར་སྨན་ཁང་གིས་ དུག་སྟེ་དང་ ཕྱེ་མ་ དེ་ལས་ རྣམ་ཐེ་-ཡེར་ཕི་སྤྱི་འོག་༣ གྱི་ མི་སེར་༡༤༠༠ ལྷགཔ་ཅིག་ལུ་ ཞབས་ཏོག་ཚུ་བྱིན་དོ་ཡོདཔ་ད་ འཁོར་ལམ་མེད་ནི་དེ་གིས་ རྒེད་འོག་ལྟེ་བ་ལས་ ཟུར་གནས་སྦེ་ ལུས་དོ་ཡོདཔ་ཨིན་པས།
དུག་སྟེ་ཚོགས་པ་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ རྫོང་ཁག་དང་རྒེད་འོག་བདག་སྐྱོང་ལུ་ སྨན་གཡོགམོ་ཅིག་དགོ་པའི་སྐོར་ལས་ ཞུ་བ་འབད་ཡི་ཟེར་ཨིནམ་ད་ གསོ་བའི་ལས་བྱེདཔ་ཅིག་གིས་ ཞབས་ཏོག་སྤྲོད་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གལ་སྲིད་གཡུས་སྒོ་ཚུ་ནང་ལས་ཕར་ གློ་བུར་ཉེན་འཚུབས་རེ་འཐོནམ་ད་ སྨན་པ་གཡུས་བཤལ་འགྱོཝ་ད་ སྨན་ཁང་སྟོངམ་སྦེ་ལུས་དོ་ཡོདཔ་ལས་ ཞབས་ཏོག་དེ་ ལས་ཀྱིས་ཆད་འགྱོཝ་མས་ཟེར་ཨིནམ་ད་ སྨན་གཡོགམོ་ཅིག་ དགོཔ་ངེས་བདེན་ཡོད་ཟེར་ཨིན་པས།
ས་གཞུང་གི་འགོ་ཁྲིདཔ་ ལ་ལོ་ཅིག་གིས་ སླབ་མིའི་ནང་ སྨན་ཁང་སྡེ་རིམ་༢ པ་འབདཝ་ལས་ ལས་བྱེདཔ་༢ ཀྱི་ཐོབ་ཁུངས་ཡོད་རུང་ མེ་ལོང་ཁར་སྨན་ཁང་ནང་ ག་ཅི་སྦེ་མེདཔ་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ཨིནམ་ད་ ས་གནས་ཀྱི་གནས་སྟངས་དང་ གཞན་གྱི་གནས་སྟངས་མི་འདྲ་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གློ་བུར་གྱི་གནད་དོན་རེ་ཐོནམ་ད་ མི་༨ ཀྱིས་ ནདཔ་འབག་འགྱོ་དགོ་ཟེར་ཨིནམ་ད་ སྨན་ཁང་ནང་ མཐུན་རྐྱེན་གཞན་ཡང་ དགོཔ་ཡོད་ཟེར་ཨིན་པས།
ཡ་ལང་རྒཔོ་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ཡང་ཨིན་མི་ ཆོས་སྲུང་དབང་འདུས་ཀྱིས་ སླབ་མིའི་ནང་ ཚོགས་པ་ཚུ་གིས་ཡང་ སྨན་གཡོགམོ་ཅིག་དགོ་པའི་སྐོར་ལས་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་དེ་ཡོད་ཟེར་ཨིནམ་ད་ གནས་སྐབས་ཅིག་གི་དོན་ལུ་ རྒེད་འོག་སྨན་ཁང་གིས་ སྨན་གཡོགམོ་ལྟ་རྟོག་འབད་རུང་ འཕྲལ་འཕྲལ་ར་ མེ་ལོང་ཁར་སྨན་ཁང་ནང་ འགྱོ་ནི་དེ་ སྟབས་མི་བདེ་བས་ཟེར་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ལས་རོགསཔ་ སེངྒེ་རྡོ་རྗེ་གིས་ སླབ་མིའི་ནང་ དུས་ཅི་ ལོ་མཇུག་བསྡུ་ཁམས་ལུ་ གསོ་བའི་ལྷན་ཁག་ལས་ ལས་བྱེདཔ་ཕོ་མོ་གང་རུང་ཅིག་ གཏང་འོང་མནོ་བའི་རེ་བ་ཡོདཔ་ལས་ གཙོ་རིམ་བཟུང་སྟེ་གཏང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མེ་ལོང་ཁར་ལུ་ སྨན་གཡོགམོ་དགོཔ་ ངེས་བདེན་ཡོད་པའི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་ཡོད་པའི་ རྫོང་ཁག་ཚོགས་འདུ་ནང་ཡང་ གྲོས་བསྡུར་འབད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། ཡ་ལང་།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *