ཡང་གཉེར་གྱི་མི་ཚུ་གིས་ འཛུགས་སྐྱོང་འབད་མི་ ཉ་ཁག་ཅུ་ཚུ།

ཡང་གཉེར་གྱི་མི་ཚུ་གིས་ ཉ་ཁག་ཅུ་ལུ་བརྟེན་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ།

༉ བཀྲིས་སྒང་ ཡང་གཉེར་རྒེད་འོག་གི་ མི་ཚུ་གིས་ སྒོ་ནོར་གྱི་ལཱ་རྐྱངམ་གཅིག་མེན་པར་ ཉ་ཁག་ཅུ་འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
དེ་ཡང་ མི་ཚུ་གིས་ ཉ་ཁག་ཅུ་བཙོང་པར་ བདུན་ཕྲག་རེ་ལུ་ཚར་རེ་ བཀྲིས་སྒང་ཁྲོམ་ཁར་ མ་ཆད་པར་བཙོང་པར་ འབག་འོང་དོ་ཡོདཔ་ད་ དེ་ལུ་བརྟེན་ འོང་འབབ་བཟོ་ཚུགས་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༥༣ ལང་མི་ རྟ་མགྲིན་རྡོ་རྗེ་གིས་ སླབ་མའི་ནང་ ཉ་ཁག་ཅུ་གིས་ ཟླ་རིམ་བཞིན་དུ་ འོང་འབབ་ཉུང་ཤོས་དངུལ་ཀྲམ་༤,༠༠༠ དང་༦,༠༠༠ གི་བར་ན་ བཟོ་ཚུགས་པས་ཟེར་ཨིནམ་ད་ ཉ་ཁག་ཅུ་ཆག་པ་རེ་ལུ་ དངུལ་ཀྲམ་༧༠ རེ་སྦེ་ བཙོང་དོ་ཟེར་ཨིན་པས།
སྤྱི་འོག་གཞན་དང་ཕྱདཔ་ད་ གོང་ཐུང་མི་སེར་ཚུ་གིས་ ཉ་ཁག་ཅུ་མངམ་སྦེ་ འཛུགས་སྐྱོང་འབད་དོ་ཟེར་ཨིནམ་ད་ སྒོ་ནོར་ཐོན་སྐྱེད་ཀྱི་ཤུལ་ལས་ར་ འོང་འབབ་བཟོ་མི་དེ་ ཉ་ཁག་ཅུ་ཨིན་ཟེར་ ཁོ་གིས་བཤདཔ་ཨིན་པས།
ལེགས་ཕུག་ལས་ཨིན་མི་ ཚེ་དབང་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ གཅིག་གིས་གཅིག་ལུ་ དཔེ་ལྟ་སྟེ་ ཉ་ཁག་ཅུ་འཛུགས་སྐྱོང་འབད་མི་ མངམ་ཐོན་དོ་ཟེར་ཨིནམ་ད་ ཁོ་གིས་ དུས་ཅི་མངམ་སྦེ་ འཛུགས་སྐྱོང་འབད་ཡི་ཟེར་ཨིན་པས།
བཀྲིས་སྒང་ཁྲོམ་ཁར་ ཉ་ཁག་ཅུ་འགོ་དང་པ་ཐོནམ་ད་ ཆག་པ་རེ་ལུ་ དངུལ་ཀྲམ་༡༠༠ རེ་སྦེ་བཙོང་ཡི་ཟེར་ ཁོ་གིས་བཤད་པའི་ཁར་ ད་རེས་ནངས་པར་ དངུལ་ཀྲམ་༧༠ སྦེ་ བཙོང་དོ་ཟེར་ཨིནམ་ད་ ཉིནམ་གཅིག་ལུ་ ཆག་པ་༡༥༠ དེ་ཅིག་ བཙོང་ཚུགས་པས་ཟེར་ཨིན་པས།
ས་གནས་ཀྱི་མི་ དོ་མང་ཚེ་རིང་གིས་འབད་བ་ཅིན་ ཚལ་ལུ་ཤིང་ ཤི་ཞིནམ་ལས་ དེའི་ཚབ་ལུ་ ཁོ་གིས་ ཉ་ཁག་ཅུ་བཙུགས་ཡི་ཟེར་ཨིནམ་ད་ དེ་གིས་ ཨ་ལོའི་ཟད་འགྲོ་གཏང་ནི་དང་ འཚོ་བ་སྐྱོང་ནིའི་དོན་ལུ་ ཕན་ཐོགས་པས་ཟེར་ཨིན་པས།
སྐྱེས་ལོ་༦༦ ལང་མི་ ཨྱོན་དབང་འདུས་ཀྱིས་ སླབ་མིའི་ནང་ ལོ་༡ ནང་ མཐོ་ཤོས་དངུལ་ཀྲམ་༡,༣༠,༠༠༠ རེ་དང་ ཉུང་ཤོས་དངུལ་ཀྲམ་༨༠,༠༠༠ རེ་བཟོ་ཚུགས་པས་ཟེར་ཨིནམ་ད་ ཁོ་གིས་ ཉ་ཁག་ཅུ་བཙུགས་ཏེ་ ལོ་༡༠ དེ་ཅིག་ སོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་གནས་ནང་ ཉ་ཁག་ཅུ་རྐྱངམ་གཅིག་ལུ་བརྟེན་ཏེ་ འཚོ་བ་སྐྱོང་སྡོད་མི་ཁོང་༣ དེ་ཅིག་ཡོད་ཟེར་ཨིནམ་ད་ ཉ་ཁག་ཅུ་ལུ་བརྟེན་ གཞན་ལུ་རེ་མ་དགོ་པར་ རང་དགོ་རང་འདྲོངས་སྦེ་ སྡོད་ཚུགས་པས་ཟེར་ཨིན་པས།
མི་སེར་ཚུ་གིས་ ཉ་ཁག་ཅུ་དེ་ དངུལ་ཐོག་ལུ་འགྱུར་ཏེ་ཡོད་ཟེར་ ཚོགས་པ་དབང་ཕྱུག་གིས་ བཤད་པའི་ཁར་ གོང་ཐུང་ལུ་གུང་པ་༡༠ ལྷགཔ་ཅིག་གིས་ ཉ་ཁག་ཅུ་འཛུགས་སྐྱོང་འབད་དེ་ཡོད་ཟེར་ཨིནམ་ད་ ཁོ་རའི་སྤྱི་འོག་ནང་ཡང་ ཉ་ཁག་ཅུ་འཛུགས་སྐྱོང་གི་ ལཱ་འབད་ནིའི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
བཀྲིས་སྒང་ཁྲོམ་ཁར་ ཉིན་བསྟར་བཞིན་དུ་ ཡང་གཉེར་ལས་ ཉ་ཁག་ཅུ་བཙོང་པར་འོང་མི་ མི་སེར་རེ་གཉིས་ མ་ཆད་པར་མཐོང་དོ་ཡོདཔ་ད་ ཉ་ཁག་ཅུ་དེ་ རང་ཟླ་༣ ལས་༨ པ་ཚུན་ བཙོང་ཚུགས་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་དང་འཁྲིལ་བ་ཅིན་ ཉ་ཁག་ཅུ་གི་ སོན་བཙུགས་ཞིནམ་ལས་ ལོ་༡ ནང་ ཐོན་སྐྱེད་འབད་ཚུགས་པས་ཟེར་ཨིནམ་ད་ ས་གནས་ཀྱི་ མི་སེར་ཚུ་གི་དོན་ལུ་ དངུལ་ཐོག་ལུ་གྱུར་ཏེ་ཡོད་ཟེར་ཨིན་པས།
མི་སེར་ལ་ལོ་ཅིག་གིས་ སླབ་མིའི་ནང་ སོ་ནམ་གྱི་ ལཱ་འབད་ནིའི་སྤྲོ་བ་ཡོད་རུང་ ཉ་ཁག་ཅུ་ལ་སོགས་པའི་སོན་ལངམ་སྦེ་ མི་ཐོབ་དོ་ཡོདཔ་ལས་ སོན་གྱི་དཀའ་ངལ་ཡོད་ཟེར་ ཨིན་པས།
ཞིང་ནང་ལས་ ཉིནམ་༢ དང་༣ གྱི་བར་ན་ ལོག་སྟེ་ཉ་ཁག་ཅུ་ སྐྱེས་དོ་ཡོདཔ་ལས་ ཁྱིམ་གྱི་སྒོ་ཁར་ ཉོ་བར་འོང་མི་ཚུ་ལུ་ བཙོང་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ བཀྲིས་སྒང་ཁྲོམ་ཁར་ བཙོང་དོ་ཡོདཔ་ཨིན་པས།
ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཉ་ཁག་ཅུ་གིས་ བཀྲིས་སྒང་ཁྲོམ་ཁར་ གོང་ཚད་མངམ་ཐོབ་དོ་ཡོདཔ་ལས་ མི་སེར་ཚུ་གིས་ གྲོང་གསེབ་ནང་ ཉ་ཁག་ཅུང་བཙོང་མི་ དེ་ཅིག་མེད་ཟེར་ཨིནམ་ད་ ཞི་གཡོགཔ་མང་ཤོས་ར་ བཀྲིས་སྒང་ཁྲོམ་ལས་ ཉོཝ་དགོ་ཟེར་ཨིན་པས།
ཚོད་བསྲེ་ཚུ་ ལེ་ཤ་སྦེ་བཙོང་སའི་ ཚོང་ལམ་ལེགས་ཤོམ་མེད་པའི་ དཀའ་ངལ་མ་གཏོགས་ མི་སེར་ཚུ་གིས་ སོ་ནམ་གྱི་ལཱ་ལུ་བརྩོན་ཤུགས་བསྐྱེད་དོ་ཡོདཔ་མ་ཚད་ ཉ་ཁག་ཅུ་ལུ་བརྟེན་ མི་སེར་ཚུ་ རང་མགོ་རང་འདྲོངས་སྦེ་སྡོད་ནིའི་ལུ་ ཕན་ཐོགས་ཏེ་ཡོད་ཟེར་ ཡང་གཉེར་རྒེད་འོག་གི་དམངས་མི་ ཚེ་དབང་རྒྱལ་མཚན་གྱིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། ཡང་གཉེར།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *