སྒོ་བསྡམས་ཏེ་ཡོད་པའི་ ཡ་ལང་རྒེད་འོག་གི་ ཞབས་ཏོག་ལྟེ་བ།

ཡ་ལང་རྒེད་འོག་གི་ ཞབས་ཏོག་ལྟེ་བའི་ནང་ ས་སྣུམ་དང་ མེ་རླུང་རྒྱ་རྫི་མེད་པར་ ཟླཝ་༣ ལྷགཔ་ཅིག་ ལང་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་གི་ ཞབས་ཏོག་ལྟེ་བའི་ནང་ ས་སྣུམ་དང་ མེ་རླུང་རྒྱ་རྫི་ཚུ་གི་ ཞབས་ཏོག་མེད་པར་ ཟླཝ་༣ ལྷགཔ་ཅིག་ ལང་ཡོདཔ་ཨིན་པས།
དེ་ཡང་ འདས་པའི་གཞུང་གིས་ སྤྱི་ལོ་༢༠༡༨ ལུ་ ཞབས་ཏོག་ལྟེ་བ་དེ་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་གཙོ་བོ་ར་ ས་སྣུམ་པེ་ཊཱོལ་དང་ ཌི་ཟིལ་ དེ་ལས་ སོ་ནམ་འཕྲུལ་ཆས་དང་ མེ་རླུང་རྒྱ་རྫི་ཚུ་ འཇམ་ཏོང་ཏོ་སྦེ་ ཞབས་ཏོག་སྤྲོད་ཐབས་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཁྲ་སྒོམ་ལུ་སྡོད་མི་ ཐུགས་རྟེན་དབང་ཕྱུག་གིས་ སླབ་མིའི་ནང་ ཞབས་ཏོག་འགོ་བཙུགས་པའི་སྐབས་ལུ་ ཕན་ཐོགས་བྱུང་ཡོད་རུང་ ད་རེས་འབདཝ་ད་ ཞབས་ཏོག་མེདཔ་ལས་ མེ་རླུང་རྒྱ་རྫི་ལ་སོགས་པའི་ ཞབས་ཏོག་ལེན་པར་ ཀི་ལོ་མི་ཊར་༥༠ གི་ས་ཁར་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལྟེ་བ་ལས་ ཞབས་ཏོག་མེད་པར་ ཟླཝ་༣ ལྷགཔ་ཅིག་ཡར་སོ་ཡི་ཟེར་ཨིནམ་ད་ འཕྲལ་འཕྲལ་ར་ ལྟེ་བ་དེ་ སྒོ་བསྡམས་བཞག་སར་ མཐོངམ་མས་ཟེར་ཨིན་པས།
འཕྲིན་ལས་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྟེ་བ་དེ་ལུ་བརྟེན་ ས་གནས་ཀྱི་མི་དང་ སློབ་གྲྭའི་སློབ་དཔོན་ དེ་ལས་ གཞན་ཞི་གཡོགཔ་ཚུ་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ འགྱོ་མ་དགོ་པའི་ ཕན་ཐོགས་བྱུང་ཡོད་རུང་ ད་རེས་ གླ་ཆ་དངུལ་ཀྲམ་༦༠༠ རེ་སྤྲོད་དེ་ འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ ལྟེ་བ་ནང་ མེ་རླུང་རྒྱ་རྫི་སྟོངམ་རྐྱངམ་གཅིག་འདུག་ཟེར་ཨིནམ་ད་ ལྟེ་བ་གཞི་བཙུགས་འབད་དེ་ ཟླཝ་༢ དེ་ཅིག་གི་རྒྱབ་ལས་ ཞབས་ཏོག་ཚུ་ ག་ནི་ཡང་ འཐོབ་མ་ཚུགས་ཟེར་ཨིན་པས།
རྒེད་འོག་ནང་ སློབ་དཔོན་དང་ ཞི་གཡོགཔ་༥༠ དེ་ཅིག་ཡོདཔ་ད་ རྒེད་འོག་གི་ མཐའ་ཟུར་སྤྱི་འོག་ དུག་ཏི་དང་ མེ་ལོང་མཁར་གྱི་ ཞི་གཡོགཔ་དང་ མི་སེར་ཚུ་གིས་ཡང་ ལྟེ་བ་ལས་ ཞབས་ཏོག་ལེན་དོ་ཡོདཔ་ད་ ས་གནས་དེ་ འབྲུག་དང་རྒྱ་གར་གྱི་ ས་མཚམས་ཁར་ཨིན་པས།
དུག་ཏི་ཚོགས་པ་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ མེ་རླུང་རྒྱ་རྫི་ལག་ལེན་འཐབ་མི་ཚུ་ དུས་ཡུན་ཆུ་ཚོད་༥ ལྷགཔ་ཅིག་ རྐང་སྟོང་སྦེ་ ཞབས་ཏོག་ལེན་པར་འོངམ་ད་ སྟབས་མ་བདེཝ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མེ་རླུང་རྒྱ་རྫི་སྟོངམ་རྐྱངམ་གཅིག་ རྟ་གུ་སྐྱེལ་བདའཝ་ད་ གླ་ཆ་དངུལ་ཀྲམ་༡,༤༠༠ རེ་སྤྲོད་དགོ་ཟེར་ཨིནམ་ད་ ལྟེ་བ་ལས་ ཞབས་ཏོག་མེད་པ་ཅིན་ ཆུད་ཟད་འགྱོཝ་མས་ཟེར་ཨིན་པས།
ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ལྟེ་བ་དེ་ འཕྲལ་འཕྲལ་སྦེ་ར་ སྒོ་བསྡམ་བཞག་སར་མཐོངམ་མས་ཟེར་ཨིནམ་ད་ ལྟེ་བ་སྒོ་བསྡམས་པའི་ཤུལ་ལས་ ཚོང་པ་ཅིག་ལུ་ དངུལ་ཀྲམ་༡༠༠ སྤྲོད་དེ་ རྒྱ་རྫི་འབག་འོང་ཡི་ཟེར་ཨིན་པས།
ཚོང་པ་དཀོན་མཆོག་ཚེ་རིང་གིས་ སླབ་མིའི་ནང་ བཀྲིས་སྒང་ལུ་ རྒྱ་རྫི་དང་ ས་སྣུམ་བླུག་པར་འགྱོཝ་ད་ མར་ཁུ་ལི་ཊར་༥ དང་༦ གི་བར་ན་ རྗོགསཔ་མས་ཟེར་ཨིནམ་ད་ འཕྲལ་འཕྲལ་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ཡང་ མེ་རླུང་རྒྱ་རྫི་མེད་པར་ སྟོངམ་སྦེ་ར་ ལོག་འབག་འོང་དགོ་པས་ཟེར་ཨིན་པས།
ས་གནས་ཀྱི་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྟེ་བ་གཞི་བཙུགས་འབད་རུང་ ཞབས་ཏོག་མེད་པ་ཅིན་ ཁུངས་མིན་འདུག་ཟེར་ཨིནམ་ད་ ལྟེ་བ་ལུ་ མེ་རླུང་རྒྱ་རྫི་རེ་ལུ་ དངུལ་ཀྲམ་༦༢༠ རེ་སྤྲོད་དགོ་ཟེར་ཨིན་པས།
ལྟེ་བའི་ལས་བྱེདཔ་ ཟླ་བ་བཟང་པོ་གིས་ སླབ་མིའི་ནང་ དེ་བཟུམ་མའི་དཀའ་ངལ་དེ་ ཡ་ལང་རྒེད་འོག་ལུ་རྐྱངམ་གཅིག་མེན་པར་ རྒེད་འོག་ག་ར་ནང་ ཅོག་འཐདཔ་སྦེ་ར་ ཡོད་ཟེར་ཨིན་པས།
ལྟེ་བ་ལུ་ མ་དངུལ་ལངམ་སྦེ་མེདཔ་ལས་ ཞབས་ཏོག་སྤྲོད་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ གཞུང་གིས་ མ་དངུལ་བགོ་བཀྲམ་ འབད་བའི་ཤུལ་ལས་ ལོག་སྟེ་ར་ ཞབས་ཏོག་ཕུལ་ཚུགས་པའི་ རེ་བ་ཡོད་ཟེར་ ལྟེ་བའི་ལས་བྱེདཔ་ ཟླ་བ་བཟང་པོ་གིས་ སླབ་ཨིན་པའི་གནས་ཚུལ།

ཡ་ལང་། གནས་བརྟན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *