འོད་རླབས་སྨན་བཅོས་ རྒྱལ་ཁབ་ནང་ འབད་ནི་ཨིནམ་ལས་ རྒྱལ་ཁམས་ལུ་ཕན་ཁྱད།

༉ ད་ལྟོ་ཚུན་ཚོད་ ཀེན་སར་ཐོབ་ཡོད་མི་ནདཔ་ཚུ་ རེ་ཌིའོ་ཐ་ར་པི་ཟེར་ འོད་རླབས་ཀྱི་ཐོག་ལས་ ནད་གཞི་ངོས་འཛིན་འབད་དེ་ སྨན་བཅོས་འབད་བར་ རྒྱ་གར་རྒྱལ་ཁབ་ནང་ བཏང་དོ་ཡོདཔ་ཨིན་རུང་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་དེ་གི་ འཕྲུལ་ཆས་ཚུ་ ལྷོད་དེ་ཡོདཔ་ལས་ ཕྱི་ཁར་གཏང་དགོཔ་ མི་འཐོན་ནི་ཨིན་པས།
འོད་རླབས་སྨན་བཅོས་འཕྲུལ་ཆས་ཚུ་ ཨཱསི་ཊ་ལི་ཡཱན་ཀེར་ཟེར་མི་ ལས་སྡེ་དེ་གིས་ བཙུགས་སྒྲིག་འབད་དོ་ཡོདཔ་ད་ འཕྲུལ་ཆས་དང་ ཌོག་ཊར་ དེ་ལས་ འཕྲུལ་ཆས་ལྟ་རྟོག་འབད་མི་ འཕྲུལ་ལསཔ་ཚུ་གི་དོན་ལུ་ ཟླཝ་རེ་ལུ་ དངུལ་ཀྲམ་ས་ཡ་༡ རེ་ སྤྲོད་དགོཔ་ཨིན་པས།
ད་ལྟོ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ ཨཱསི་ཊ་ལི་ཡཱན་ཀེར་གཉིས་ཀྱི་བར་ན་ ལོ་ངོ་༡༢ ཀྱི་རིང་ ལག་ལེན་གྱི་ གན་རྒྱ་བཟོ་སྟེ་ཡོདཔ་བཞིན་དུ་ དེ་གི་རིང་ལུ་ ཕྱི་རྒྱལ་གྱི་ ཌོག་ཊར་ཚུ་གིས་ ཐིམ་ཕུག་སྨན་ཁང་གི་ ཌོག་ཊར་དང་ འཕྲུལ་ལསཔ་ སྨན་གཡོགམོ་ཚུ་ལུ་ སྦྱོང་བརྡར་བྱིན་འོང་ཟེར་ཨིན་པས།
དེ་བཟུམ་མའི་ཞབས་ཏོག་ བཙུགས་དགོ་པའི་ དམིགས་དོན་གྱི་སྐོར་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་ ལྷགཔ་རྡོ་རྗེ་གིས་ བཤད་མིའི་ནང་ ཕྱི་རྒྱལ་ལུ་ སྨན་བཅོས་ཀྱི་དོན་ལས་བཏང་མི་ ནདཔ་མང་ཤོས་ཅིག་ ཀེན་སར་ཐོབ་མི་ཚུ་ འབད་ནི་དེ་གིས་ཨིན་ཟེར་ཨིན་པས།
དེ་མ་ཚད་ རྒྱ་གར་རྒྱལ་ཁབ་ནང་ སྨན་བཅོས་ཀྱི་དོན་ལས་བཏངམ་ད་ ནདཔ་དང་ ནད་གཡོགཔ་གཉིས་ སྡོད་སའི་ཁྱིམ་དང་ ཟད་འགྲོ་ ཌོག་ཊར་དང་ ཕྱད་མ་ཚུགས་པའི་དཀའ་ངལ་ དེ་ལས་ བྱང་སྟོར་ཤོར་ནི་གི་ ཉེན་ཁ་ཡོད་མི་བརྟེན་ ནང་འཁོད་ལུ་ སྨན་བཅོས་འབད་ཚུགསཔ་ བཟོ་ཐབས་ལུ་ཨིན་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།
དེ་གིས་ ཟད་འགྲོ་མར་ཕབ་འབད་ཚུགས་ནི་ཨིནམ་མ་ཚད་ ནདཔ་དང་ནད་གཡོག་རྒྱུག་མིའི་ དཀའ་ངལ་སེལ་ནི་ དེ་ལས་ རྒྱལ་ཁབ་ནང་ཡང་ ཁྱད་རིག་གི་ སྨན་བཅོས་ཚུ་ ནང་འཁོད་ཀྱི་ ལས་བྱེདཔ་ཚུ་ལུ་ སྦྱོང་བརྡར་བྱིན་ཏེ་ ཁོང་གིས་སྦེ་ འབད་ཚུགསཔ་བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
གསོ་བ་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ ཀེན་སར་གྱི་ ནདཔ་བཞག་སའི་ ས་ཁོངས་ཚུ་ཡང་ ངོས་འཛིན་འབད་དེ་ཡོདཔ་མ་ཚད་ འཕྲུལ་ཆས་ཚུ་ཡང་ མང་ཤོས་བཙུགས་ཚར་ཏེ་ཡོདཔ་ལས་ ཟླ་༢ དང་༣ དེ་ཅིག་གི་བར་ན་ར་ ནདཔ་ཚུ་ འོད་རླབས་སྨན་བཅོས་ རྒྱལ་ཁབ་ནང་འཁོད་ལུ་ར་ འབད་ཚུགས་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ རྒྱ་གར་ཀཱོལ་ཀ་ཊ་ལུ་ ལྟ་སྐོར་ལུ་འགྱོཝ་ད་ ནདཔ་དང་ ནད་གཡོག་པའི་ གནས་སྟངས་ཚུ་ སྐྱོ་དྲགས་སྦེ་ཡོདཔ་ མཐོང་གསལ་བྱུངམ་མས་ཨིན་པས།
འབྲུག་པའི་ནདཔ་ཚུ་ སྨན་བཅོས་འབད་བར་ བཏང་པའི་བསྒང་ལས་ ནདཔ་དང་ ཁོང་བདག་འཛིན་འཐབ་མི་ མང་ཤོས་ཅིག་ ཟ་ཁང་ནང་ སྡོད་ཚུགས་མི་མེདཔ་ལས་ མགྲོན་ཁྱིམ་ནང་ སྡོད་དོ་ཡོདཔ་ད་ མགྲིན་ཁྱིམ་ནང་ མི་མང་ནི་དེ་གིས་ གནས་སྟངས་སྐྱོ་དྲགས་སྦེ་ མཐོང་གསལ་བྱུངམ་མས་ཟེར་ཨིན་པས།
ད་རུང་ དུས་ཅི་སྤྱི་ཟླ་༤ པའི་ནང་ ནད་གཡོགཔ་སྦེ་སོང་མི་ ཕོ་སྐྱེས་ཅིག་ བྱང་སྟོར་ཤོར་ཏེ་ ལོག་རྒྱལ་ཁབ་ནང་ མ་ལྷོདཔ་ལས་ དེ་བཟུམ་མའི་ ཉེན་ཁ་ཚུ་ཡང་ འབྱུང་སྲིད་ནི་མས་ཟེར་ གསོ་བའི་བློན་པོ་གིས་ བཤད་ཅི།
གཙོ་འཛིན་ལྷགཔ་རྡོ་རྗེ་གིས་ འབད་བ་ཅིན་ ལོ་བསྟར་བཞིན་དུ་ གཞུང་གིས་ ཕྱི་རྒྱལ་ལུ་ ནདཔ་༡,༢༠༠ དེ་རེ་ བཏང་སྲོལ་ཡོད་མི་ལས་༤༠༠ ལྷགཔ་ཅིག་ ཀེན་སར་གྱི་ ནདཔ་ཚུ་འོངམ་མས་ཟེར་ཨིན་པས།
འཕྲུལ་ཆས་དེ་ ཐིམ་ཕུག་སྨན་ཁང་ནང་ གཞི་བཙུགས་འབད་ནི་གི་དོན་ལུ་ ལྟ་རྟོག་དང་ དབྱེ་ཞིབ་ཚུ་འབད་དེ་ ལོ་ངོ་༢ ལྷགཔ་ཅིག་ བཞག་པའི་ཤུལ་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ བཀོད་ཚོགས་ཀྱིས་ ཆ་འཇོག་འབད་འབདཝ་ཨིན་ཟེར་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༤ དང་༢༠༡༥ ལུ་ ཕྱི་རྒྱལ་ཁབ་ནང་ ནདཔ་སྨན་བཅོས་འབད་བར་ བཏང་མི་དེ་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༨༤.༦ གནས་ཡོདཔ་ད་ སྤྱི་ལོ་༢༠༡༥ དང་༢༠༡༦ ལུ་ དངུལ་ཀྲམ་ས་ཡ་༡༩༢.༩ ཟད་འགྲོ་བཏང་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *