འོང་འབབ་རྐྱངམ་གཅིག་ལུ་ དམིགས་གཏད་བསྐྱེད་པ་ཅིན་ གདོང་ལེན་འབྱུང་སྲིད་ནི།

༉ འབྲུག་རྒྱལ་ཁབ་འདི་ གཙང་སྦྲ་དང་ སྔོ་ལྗང་ཅན་ སྐྱིད་ཉམས་ཅན་ཅིག་སྦེ་  མི་སེར་རེ་རེ་བཞིན་གྱིས་ རང་སོའི་ཐོབ་དབང་ཚུ་ འཚེར་མེད་དུ་སྤྱོད་དེ་ ཕ་བརྒྱུད་བུ་གིས་བཟུང་སྟེ་ ཕ་ལས་བུ་དང་ བུ་ལས་ཚ་སྦེ་ རིམ་པ་བཞིན་ གནས་ཡོད་པའི་ མཐོང་གསལ་བྱུངམ་མས།

ཨིན་རུང་ འདི་བཟུམ་གྱི་ དགའ་སྐྱིད་ལྡན་པའི་ རྒྱལ་ཁབ་འདི་ ཕྱིའི་ལྕགས་རི་དང་ ནང་གི་སྲོག་ཤིང་ཚུ་ ལྷད་མེད་རྟོག་མེད་དུ་ ཞིབ་པར་དཔྱད་དེ་ མ་འབད་བ་ཅིན་ ནམ་ཕུགས་ལུ་ འདི་ཚུ་ཉམས་འགྱོ་བའི་བསྒང་ལས་ སོར་ཆུད་འབད་ནི་ལུ་ མོ་གཤམ་གྱི་བུ་དང་ རི་བོང་གི་རྭ་བཟུམ་ཅིག་གི་ དཔེ་ལུ་འགྱུར་ནི་མ་གཏོགས་ འབད་ཐབས་མེདཔ་བཟུམ་ཚོརཝ་མས།

ག་འཆརཔ་ཟེར་བ་ཅིན་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ ལོ་བསྟར་གནས་སྡུད་ནང་བལྟཝ་ད་ རྒྱལ་ཁབ་ཀྱི་ འོང་འབབ་ལུ་ ལྷན་གྲོགས་འབད་མི་ དྲག་ཤོས་ཅིག་ཨིན་པའི་གྲངས་སུ་ཚུད་དེ་འདུག།

གནས་སྡུད་ནང་འབད་བ་ཅིན་ རྩིས་ལོ་༢༠༡༩-༢༠༢༠ ནང་ འོང་འབབ་དངུལ་ཀྲམ་༤༢༠,༠༢༤,༧༧༡ བསྡུ་ལེན་འབད་མི་དེ་ རྩིས་ལོ་༡༩༠༨-༡༩༠༩ ལུ་ ༡༤༩,༣༩༡,༨༦༩ འབད་མི་དང་ཕྱདཔ་ད་ གསུམ་ལྟབ་ཀྱིས་ ཡར་སེང་སོང་ཡོད་པའི་ གསལ་སྟོན་འབདཝ་མས།

འདི་བཟུམ་གྱི་ འོང་འབབ་ཀྱི་ འབྱུང་ཁུངས་གཙོ་བོ་དེ་ སྣུམ་འཁོར་ནང་འདྲེན་ལུ་བརྟེན་པའི་ ཁྲལ་དང་ ཉེས་ཆད་ཐོ་བཀོད་འཐུས་ བསྐྱར་གསོ་སྣུམ་འཁོར་བརྡ་སྟོན་ལམ་ལུགས་ལས་བརྒལ་མི་ཚུ་ལུ་ ཉེས་ཆད་བཀལ་མི་ཚུ་ཨིན་མས།

སྤྱིར་བཏང་རྒྱལ་ཁབ་ནང་ སྣུམ་འཁོར་ཆེ་བ་དང་ ས་བཅད་འཕྲུལ་ཆས་ ཞིང་རྨོ་འཕྲུལ་གླང་ འགྲུལ་འཁོར་བཱསི་ གླ་འཁོར་ལྟ་བཤལ་སྣུམ་འཁོར་ཚུ་ མ་བརྩིས་བར་ སྣུམ་འཁོར་ཆུང་བ་༧༢,༠༤༠ ཡོད་མི་དེ་ བརྒྱ་ཆ་༦༨.༡༩ འབདཝ་ད་ མཐོ་ཤོས་ཨིནམ་ལས་ དེ་གིས་ རྒྱལ་ཁབ་ནང་ སྣུམ་འཁོར་ལག་ལེན་འཐབ་མི་ འོས་འབབ་ཅན་གྱི་མི་རློབས་ ཧ་ལམ་ཁྱབ་ཚད་ལས་ མི་༧ ལུ་ སྣུམ་འཁོར་རེ་ འོང་སྲིད་ནི་ཨིན་མས།

འདི་དང་འབྲེལ་ རྩིས་ལོ་དེ་ནང་ སྣུམ་འཁོར་ནང་འདྲེན་ཡོངས་བསྡོམས་༦,༧༠༢ འབད་མི་ལས་ མཐོ་ཤོས་ སྤྱི་ཟླ་༡ པའི་ནང་ སྣུམ་འཁོར་༧༣༥ དང་ ཉུང་ཤོས་ སྤྱི་ཟླ་༥ པའི་ནང་ སྣུམ་འཁོར་༣༠༠ ནང་འདྲེན་འབད་ནུག།

རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་སྟངས་ ནད་ཡམས་ལུ་བརྟེན་ ཐབས་སྐྱོ་དྲགས་ལུ་ གྱུར་ཡོད་པའི་ཁར་ མི་སེར་འུ་སྡུག་ཡང་ཕྲ་བ་ཚུ་ལུ་ གཞུང་ཞབས་ལས་ སྐྱིད་སྡུག་གི་ གསོལ་རས་གནང་སྟེ་ཡོདཔ་མ་ཚད་ ད་ལྟོའི་བར་ན་ཡང་ འཕྲོ་མཐུད་དེ་ར་ གནང་བཞིན་དུ་ཡོདཔ་ཨིན།

ཨིན་རུང་ འཛམ་གླིང་རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་སྟངས་ སྐྱོ་དྲགས་འགྱོ་བའི་ནམ་དུས་ལུ་ འབྲུག་པའི་མི་སེར་ཚུ་གིས་ སྣུམ་འཁོར་༦,༧༠༢ དེ་ཅིག་ ནང་འདྲེན་འབད་ཚུགས་མི་ལུ་བལྟ་བ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ མི་སེར་ཉམ་ཆུང་ཡོད་པའི་ དྲན་ཚོར་ཡང་ བསྐྱེད་མི་ཚུགས་ནི་ཨིན་མས།

སྣུམ་འཁོར་དེ་ཅིག་ ནང་འདྲེན་འབད་མི་གིས་ དངུལ་ཀྲམ་ས་ཡ་བརྒྱ་ལས་བཅད་དེ་ ཕྱི་རྒྱལ་ལུ་ ཟད་འགྲོ་བཏང་དོ་ཡོདཔ་ལས་ དེ་གིས་ མ་འོངས་ཡུན་རིང་ལུ་ ང་བཅས་རའི་ རྒྱལ་ཁབ་ལུ་ གནོད་ཉེན་ཡང་ འབྱུང་སྲིད་འོང་།

རྒྱལ་ཁབ་ནང་ ཕྱོགས་གཅིག་ལས་ དཀའ་ངལ་ཡོད་པའི་ གསལ་སྟོན་འབད་མི་དང་ ཕྱོགས་གཅིག་ལས་ མ་དངུལ་འབུམ་ཕྲག་ལས་བཅད་དེ་ ཟད་འགྲོ་བཏང་མི་གཉིས་ འབྲེལ་མཐུན་ཡང་མིན་འདུག།  

ད་ལྟོ་ ནད་མ་འོང་གོང་ལས་ རིམ་གྲོ་འབད་ནིའི་ འཆར་གཞི་མ་སྒྲིག་པར་ བ་དམརཔོ་འདི་ར་ ཨོམ་བཞོ་ནིའི་རེ་བ་བསྐྱེད་དེ་ ཐུགས་བག་ཡེངས་ཤོར་བ་ཅིན་ དུས་ནམ་ཅིག་གི་ཚེ་ བ་ལུ་རྩྭ་ཆག་གི་ ཐབས་ལམ་སྒྲིག་ནི་དང་ ཨོ་བཞོ་མེད་པའི་གདོང་ལེན་ འཐོན་པའི་བསྒང་ལས་ ཕྱིས་ར་ཕྱི་ནི་བཟུམ་འདུག།

དེ་འབདཝ་ལས་ འཕྲལ་གྱི་འོང་འབབ་བཟོ་ནི་རྐྱངམ་གཅིག་ལུ་ དམིགས་གཏད་བསྐྱེད་ནི་མེན་པར་ ནམ་ཕུགས་ལུ་ མཐའ་འཁོར་གནས་སྟངས་དང་ རྒྱལ་ཁབ་ཀྱི་ མི་རློབས་དང་བསྟུན་པའི་སྣུམ་འཁོར་ བཙོག་རླུང་ཚད་འཛིན་བརྟན་ཐབས་ཀྱི་ ཐབས་ལམ་སྒྲིག་པ་ཅིན་ འདི་ར་དྲག་འོང་ཟེར་མནོཝ་མས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *