ཐོག་ཚད་གསུམ་འབད་མི་  འོག་མིན་ཆོས་འཁོར་རྩེའི་ ཚོགས་ཁང་།

འོག་མིན་ཆོས་འཁོར་རྩེ་ མཐོ་རིམ་བཤད་གྲྭ་ལུ་ ཚོགས་ཁང་གསརཔ་གིས་ཕན་ཁྱད།

༉ བཀྲིས་སྒང་བཀང་ལུང་ འོག་མིན་ཆོས་འཁོར་རྩེ་ མཐོ་རིམ་བཤད་གྲྭའི་དོན་ལུ་ ཚོགས་ཁང་གསརཔ་གཅིག་ རྐྱབ་སྟེ་ཡོད་མི་ལུ་བརྟེན་ སྒྲུབ་ཆེན་དང་ དབྱར་གནས་ དེ་ལས་ ཆོས་ཕྱོགས་ཀྱི་ལས་རིམ་ ག་ཅི་ར་ འགོ་འདྲེན་འཐབ་རུང་ སྟབས་བདེ་ཏོག་ཏོ་ བྱུང་དོ་ཡོདཔ་ཨིན་པས།
བཀྲིས་སྒང་རབ་སྡེའི་ བླམ་གནས་བརྟན་ ཀརྨ་རང་གྲོལ་གྱིས་ སླབ་མིའི་ནང་ གཞུང་ལས་ མ་དངུལ་ས་ཡ་༢༠ ཟད་འགྲོ་བཏང་ཐོག་ལས་ བཟོ་སྐྲུན་འབད་མི་ ཚོགས་ཁང་གིས་ ཉེ་འདབས་ཀྱི་ མི་སེར་དང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ དེ་ལས་ སློབ་གྲྭ་ཁག་དང་ ཞི་གཡོགཔ་ཚུ་ལུ་ ཕན་ཐོགས་ཏེ་ཡོད་ཟེར་ཨིན་པས།
བླམ་གནས་བརྟན་གྱིས་འབད་བ་ཅིན་ ཧེ་མ་ ཆོས་ཕྱོགས་ཀྱི་ ལས་རིམ་ཚུ་ བཀང་ལུང་ཟངས་མདོག་དཔལ་རིའི་ ས་ཁོངས་ནང་ འགོ་འདྲེན་འཐབ་ད་ མི་མ་ཤོང་པའི་དཀའ་ངལ་ཡོད་མི་དེ་ སེལ་ཚུགས་ཏེ་ཡོད་ཟེར་ཨིནམ་ད་ ཚོགས་ཁང་མེད་པའི་སྐབས་ མི་༥༠༠ དང་༦༠༠ གི་བར་ན་ འོང་ནི་ཡོདཔ་ལས་ གདོང་ལེན་ཡོད་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ ཚོགས་ཁང་གསརཔ་དེ་ སྒོ་ཡངས་དྲགས་དང་ སྟབས་བདེ་ཏོག་ཏོ་སྦེ་ ཡོད་པའི་ཁར་ མི་ལེ་ཤ་ཤོང་ཚུགས་པས་ཟེར་ཨིན་པས།
ཐོག་གསུམ་འབད་མི་ ཚོགས་ཁང་དེ་ནང་ འོག་ཐོག་ལུ་ མགྱོན་ཁྱིམ་དང་ གསང་སྤྱོད་ཀྱི་ མཐུན་རྐྱེན་ཡོད་པའི་ཁར་ བར་ཐོག་ལུ་ ཚོགས་ཁང་དང་ སྟེང་ཐོག་ལུ་ མཐོ་རིམ་བཤད་གྲྭའི་ དཔེ་མཛོད་སྦེ་ ལག་ལེན་འཐབ་ནི་ཨིན་པས།
ཚོགས་ཁང་དེ་ བཀྲིས་སྒང་རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ལས་ རྐྱབ་པའི་ཤུལ་ལས་ འདས་པའི་བདུན་ཕྲག་ནང་ མཐོ་རིམ་བཤད་གྲྭ་ལུ་ རྩིས་སྤྲོད་ཅི།
མཐོ་རིམ་བཤད་གྲྭ་དེ་ མི་སེར་དང་ སློབ་ཕྲུག་ དེ་ལས་ ཉེ་འདབས་ཀྱི་ ཚོང་པ་དང་ ཞི་གཡོགཔ་ཚུ་གི་དོན་ལུ་ ཕྱག་འཚལ་སའི་རྟེན་དང་ མཆོད་པ་ཕུལ་སའི་ ཡུལ་ཅིག་ལུ་ གྱུར་ཏེ་ཡོདཔ་ད་ འོག་མིན་ཆོས་འཁོར་རྩེ་ མཐོ་རིམ་བཤད་གྲྭ་དེ་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལས་ སྤྱི་ལོ་༢༠༡༡ ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ ཚོགས་ཁང་གསརཔ་ནང་ དབྱར་གནས་འཚོགས་པའི་བསྒང་འདུག།
བཤད་གྲྭ་ནང་ འཛིན་གྲྭ་༧ པ་ལས་༨ པ་ཚུན་ཡོདཔ་ད་ ད་རེས་ དགེ་སློང་ཞལ་གྲངས་༡༧༠ ལྷགཔ་ཅིག་ཡོདཔ་ཨིན་པས།
མཐོ་རིམ་བཤད་གྲྭ་ལས་ སློབ་ཕྲུག་ཤོ་ཐེངས་༨ མཐར་འཁྱོལ་ཡོདཔ་ད་ དགེ་སློང་ཚུ་ཡང་ ལ་ལོ་ ཤེས་རབ་རྩེ་མཐོ་རིམ་གྲྭ་ལས་ མཐར་འཁྱོལ་ཏེ་ དགེ་སློང་ནང་ འཛུལ་ཞུགས་འབད་མི་དང་ ལ་ལོ་གྲྭ་ཚང་སོ་སོ་ལས་ འོང་མི་ཚུ་ཨིན་པས།
སྤུས་ཚད་ཅན་གྱི་ ནངས་པ་སངས་རྒྱས་ཀྱི་ ཤེས་ཡོན་བྱིན་དང་ ལྷག་པར་དུ་ རྒྱལ་ཁབ་དང་ བསྟན་པའི་ཞབས་ཏོག་ ཞུ་ནིའི་དོན་ལུ་ མཐོ་རིམ་བཤད་གྲྭ་དེ་ རྒྱ་སྐྱེད་འབད་ནིའི་ འཆར་གཞི་ཡོད་ཟེར་ བླམ་གནས་བརྟན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀང་ལུང་།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *