གནམ་བྱཱར་ བྱེམ་ཐང་ལུ་ འཐུང་ཆུའི་རྐ་ལུ་བབས་མི་ ཞིང་ཆུ་དེ་གིས་ འཐུང་མ་བཏུབ་སྦེ་ བཟོ་དོ་ཡོདཔ་ཨིན་མས།

འཛོམས་མི་རྒེད་འོག་གི་ མི་སེར་ཚུ་ འཐུང་ཆུ་མ་ལང་པའི་ དཀལ་ངལ་བྱུང་སྟེ་ཡོདཔ།

༉ སྤུ་ན་ཁ་ འཛོམས་མི་རྒེད་འོག་གི་ མི་སེར་ཚུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་བཞིན་དུ་ ལོ་༡ དེ་ཅིག་ ལང་མི་ ཆུའི་ལས་འགུལ་དེ་ ནམ་མཇུག་བསྡུ་འོང་ག་ཟེར་ སྒུག་དོ་ཡོདཔ་ཨིན་པས།

འཛོམས་མི་རྒཔོ་ ཚེས་བཅུ་གིས་ སླབ་མི་དང་འཁྲིལཝ་ད་ འཆར་གཞི་ངོ་མ་ར་ འཐུང་ཆུ་དེ་ ཤེལ་ལྔ་ནང་ལུ་ཡོད་པའི་ དགའ་ར་ཆུ་ལས་སྦེ་ རྟ་ནག་དང་ དབུས་ས་ཁ་ འཛོམས་མི་ མནྜལ་སྒང་སྤྱི་འོག་ནང་ བཏོན་ནི་ཨིན་ཟེར་བཤདཔ་ཨིན་པས།

ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ རྒྱབ་སྣོན་འབད་མི་དང་འཁྲིལཝ་ད་ སྤྱི་འོག་༣ ནང་ འཐུང་ཆུའི་དཀའ་ངལ་དེ་ བསལ་ནིའི་དོན་ལུ་ ཆུ་རྐ་སོ་སོར་ལས་ འཚོལ་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ བཤདཔ་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ ད་ལྟོའི་ཆུ་རྐ་དེ་གིས་ རྟ་ནག་དང་ དབུས་ས་ཁ་ དབྱངས་སྤྱི་ཁ་ བྱེམ་ཐང་ འཛོམས་མི་ མནྜལ་སྒང་སྤྱི་འོག་ནང་ཡོད་པའི་ ཁྱིམ་གུང་༡༧༠ དང་ རླུང་ཁ་ཀི་ལི་ཁ་སྤྱི་འོག་ནང་ཡོད་པའི་ ཁྱིམ་གུང་དག་པ་ཅིག་ལུ་ ལང་ཚུགས་ནི་ཨིན་པས།

སྤྱི་ལོ་༢༠༡༨ དང་༢༠༡༩ ལུ་ ཆུ་རྐ་དེ་གི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༢ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་ཨིན་པས།

རྒེད་འོག་གི་དམངས་མི་ ཟླ་བ་བཀྲིས་གྱིས་ སླབ་མིའི་ནང་ སྤྱི་འོག་༢ ནང་ འཐུང་ཆུ་བཏོན་ནིའི་དོན་ལུ་ ཨེམ་ཨེམ་༦༣ འབད་མི་ ཆུ་དུང་ཚུ་ཡང་ མཁོ་བསྒྲུབས་འབད་དེ་ཡོད་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ལཱ་ཚུ་ འགོ་མ་བཙུགས་རུང་ ཅ་ཆས་ཚུ་ག་ར་ མཁོ་སྒྲུབ་འབད་དེ་ཡོད་ཟེར་ཨིནམ་ད་ ཆུ་དུང་ཆུང་ཀུ་ ཨེམ་ཨེམ་༦༣ འབད་མི་ཚུ་ མི་སེར་ཚུ་ལུ་ བགོ་བཀྲམ་འབད་ཡི་ཟེར་ཨིན་པས།

དམངས་མི་ ཟླ་བ་བཀྲིས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༩ དང་༢༠༢༠ ལུ་ དངུལ་ཀྲམ་ས་ཡ་༩.༦ སྤྱི་འོག་༤ ནང་ ཆུ་བཏོན་ནིའི་དོན་ལུ་ བཞག་ཡོདཔ་ད་ ལྷག་ལུས་མ་དངུལ་དེ་ ལམ་བཟོ་སྐྲུན་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཟེར་ ཨིན་པས།

དམངས་མི་དང་འཁྲིལཝ་ད་ ལཱ་དེ་ ལོ་༡ ལྷགཔ་ཅིག་ འགོར་ཡི་ཟེར་ཨིནམ་ད་ དེ་ཡང་ ཆུ་དུང་ལ་ལོ་ཅིག་ ཐིམ་ཕུག་ལུ་ ཉིན་གྲངས་༩༠ དེ་ཅིག་ལུས་ཡོདཔ་ད་ ཆུ་དུང་བཙུགས་ནིའི་དོན་ལུ་ ཀི་ལོ་མི་ཊར་༡ དེ་ཅིག་ མ་ཚར་བར་ཡོད་ཟེར་ བཤདཔ་ཨིན་པས།

བྱེམ་ཐང་ལས་ ཟླཝ་རྒྱལ་མཚན་གྱིས་ སླབ་མིའི་ནང་ གནམ་བྱཱར་ཆརཔ་རྐྱབ་ད་ ཞིང་ཆུ་དཔག་ཏེ་ཡོད་སའི་ ཆུ་ལམ་ཚུ་ལས་འོང་མི་ཆུ་དེ་ འཐུང་ཆུ་སྦེ་ ལག་ལེན་འཐབ་དོ་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ མི་སེར་མང་ཤོས་ཀྱིས་ ཆུ་ལུ་བརྟེན་ཏེ་ གློ་ནད་དང་ གཞན་ན་ཚ་ཚུ་ ཐོབ་སྟེ་ཡོད་ཟེར་བའི་ ཉོགས་བཤད་བཀོདཔ་མས་ཟེར་ ཨིན་པས།

ད་རུང་ ཨ་ལོའི་ཨའི་ཨིན་མི་ རྣམ་རྒྱལ་སྒྲོལམ་གིས་ སླབ་མིའི་ནང་ ཨ་ལོའི་གོ་ལ་ཚུ་ ཞིང་ཆུ་དཔག་ཏེ་ཡོད་སའི་ཆུ་ནང་ལས་ འཁྱུ་དོ་ཟེར་ཨིནམ་ད་ ད་ལྟོ་འཕྲལ་ཁམས་ཅིག་ ཉེ་འདབས་ལུ་ཡོད་པའི་ ཆུ་རྫིང་ཆུང་ཀུ་ནང་ལས་ འཐུང་ཆུ་སྦེ་ ལག་ལེན་འཐབ་དོ་ཟེར་ཨིན་པས།

གཞན་མི་ཁྱིམ་གུང་༧ ཡང་ ཆུ་རྫིང་དེ་ནང་ལས་ ཆུ་འཐུང་དོ་ཡོདཔ་པ་ ཆུ་རྫིང་དེ་ནང་ འབུབ་དང་ཧོན་སྡོང་ཚུ་ཡོདཔ་ད་ འདས་པའི་དུས་སུ་ བྱེམ་ཐང་གི་ མི་སེར་ཚུ་གིས་ ཆུའི་དོན་ལུ་ ཐབས་ཤེས་ལེ་ཤ་བཏོན་ཡི་ཟེར་ཨིན་པས།

ཟླ་བ་རྒྱལ་མཚན་གྱིས་ སླབ་མིའི་ནང་ མི་སེར་ཚུ་གིས་ སྤྱི་སི་སྒང་དང་ སྟོང་ཞིང་ནང་ ཧེམ་ཅུ་ལུམ་བ་ ཤེལ་ལྔ་ནང་ལས་ བཏོན་ཡོདཔ་ཨིན་རུང་ ཆུ་ཤུགས་མེདཔ་ལས་ ལྷོད་མི་ཚུགས་པས་ཟེར་ཨིནམ་ད་ ད་ལྟོ་འཕྲེལ་ཁམས་ཅིག་ཁར་ ཧེམ་ཅུ་ལུངམ་ལས་ བཏོན་མི་ཆུ་དེ་ ལག་ལེན་འཐབ་དོ་ཡོད་རུང་ ཆུང་ཀུ་ཅིག་འབདཝ་ལས་ ལང་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།

ད་རུང་གཡུས་མི་ ཡེ་ཤེས་བསམ་གཏན་གྱིས་ སླབ་མིའི་ནང་ མི་སེར་ཚུ་ ཆུའི་དོན་ལུ་ འུར་ལཱ་རྒྱུགས་པར་སོང་ཡི་ཟེར་ཨིནམ་ད་ ད་ལྟོའིབར་ན་ཡང་ ཆུ་དེ་ ལྷོད་མ་ཚུགས་ཟེར་ བཤདཔ་ཨིན་པས།

ཟླཝ་རྒྱལ་མཚན་གྱིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཆུ་མ་ལང་མི་དེ་ བསིལ་དྲོད་གནས་སྟངས་ནང་ འགྱུར་བ་འགྱོ་མི་ལུ་བརྟེན་ ཆུ་རྐ་ཚུ་ སྐམ་དོ་ཡོདཔ་འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་དབང་འདུས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *