ཁ་ཙ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་པོའི་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ འཛམ་གླིང་ཨེཌསི་གི་ཉིནམ་བརྩི་སྲུང་ འགོ་འབྱེད་མཛད་པའི་བསྒང་།

འཛམ་གླིང་ཨེཌསི་གི་ཉིནམ་དང་བསྟུན་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་ ཨམ་སྲུ་༢ ཀྱིས་ མི་མང་གི་གདོང་ཁར་ ཐོན་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ན་གཞོན་དཔལ་རི་ལུ་སྦེ་ འཛམ་གླིང་ཨེཌསི་གི་ཉིནམ་ བརྩི་སྲུང་འབདཝ་དང་འབྲེལ་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་ ཨམ་སྲུ་༢ ཀྱིས་ མི་མང་གི་གདོང་ཁར་ ཐོན་ཡི།
པདྨ་དགའ་ཚལ་ ཤུ་མར་ལས་ སྐྱེས་ལོ་༣༤ ལང་མི་ ཨ་ལོ་༣ གྱི་ཨའི་ཨིན་མི་ བློ་སེམས་བཟང་མོ་གིས་ མོ་རའི་གཟུགས་ཁར་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་དེ་ སྤྱི་ལོ་༢༠༠༨ ལུ་ བདའ་ཟུན་ཡོདཔ་སྦེ་ སླབ་ཨིན་པས།
བློ་སེམས་བཟང་མོ་གིས་ བཤད་མི་དང་འཁྲིལཝ་ད་ མོ་ལུ་ ཨ་ལོ་༣ ཡོད་མིའི་གྲས་ལས་ བུ་སྦོམ་ཤོས་དེ་ སྐྱེས་ལོ་ཕྱེད་དང་༢ སྦེ་ སྡོད་པའི་སྐབས་ མོ་ལུ་ ཨེཆ་ཨའེ་བི་ནད་འབུབ་ཡོདཔ་སྦེ་ བདའ་ཟུན་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མོ་རའི་རྨགཔ་དེ་ དེད་གཡོགཔ་ཨིནམ་ལས་ ཨ་རྟག་ར་ ཕར་ཚུར་འགྲོ་འགྲུལ་འབད་དེ་ སྡོད་ནི་དེ་གིས་ ནད་གཞི་དེ་ ཁོ་གིས་ འབག་མི་འོང་ག་ཟེར་ འཕྲལ་འཕྲལ་སྦེ་ར་ ཁྲག་བརྟག་དཔྱད་ཚུ་ འབད་བཅུག་ནི་ཡོད་ཟེར་ཨིན་པས།
དེ་ལས་ སྤྱི་ལོ་༢༠༠༨ ལུ་ མོ་རའི་རྨགཔ་ལུ་ ནད་གཞི་དེ་ཡོདཔ་ བདའ་ཟུན་པའི་ཤུལ་ལུ་ མོ་ར་ཡང་ བརྟག་དཔྱད་འབད་བའི་བསྒང་ལས་ ནད་གཞི་ཐོབ་ཡོདཔ་ ཤེས་ཅི་ཟེར་ཨིན་པས།
མོ་ར་ དུས་ཚོད་ཁར་ སྨན་བཅོས་ཚུ་འབད་ནི་དེ་གིས་ ཨ་ལོ་༣ ཆ་ར་ ནད་གཞི་དེ་ལས་ བཀག་ཐབས་འབད་ཚུགས་ཅི་ཟེར་ སླབ་ཨིན་པས།
མོ་གིས་ ད་ལྟོ་ མི་མང་ཡོངས་ཀྱི་གདོང་ཁར་ དེ་སྦེ་ཐོན་དགོ་མི་དེ་ཡང་ མོ་བཟུམ་ཅིག་གིས་ གདོང་ཁར་ཐོན་ཏེ་ མི་ཕུད་རྡོག་༡ ལུ་འབད་རུང་ གོ་བ་བརྡ་སྤྲོད་འབད་དེ་ ཕན་ཐོགས་ཚུགསཔ་ཅིག་ ཡོད་པ་ཅིན་ཟེར་ཨིན་པས།
དེ་མ་ཚད་ མོ་གིས་སྦེ་ མི་གཞན་ཚུ་ཡང་ ནད་གཞི་དེ་ ཁྱབ་སྤེལ་འབད་ནི་ལས་ བཀག་ཚུགས་པ་ཅིན་ ཕན་ཐོགས་སྦོམ་འོང་ནི་མས་ཟེར་ མནོཝ་མ་ཚད་ མོ་རའི་རྨགཔ་གི་ཡང་ ནད་གཞི་ཐོབ་ཚར་ཞིནམ་ལས་ མི་གི་གདོང་ཁར་ཐོན་ཏེ་ གོ་བ་བརྡ་སྤྲོད་འབད་ཚུགས་པ་ཅིན་ དེ་གིས་ མི་མང་ཡོངས་ལུ་ ཕན་ཐོགས་ཚུགས་ནི་ཨིནམ་ལས་ གདོང་ཁར་ཐོན་ཟེར་སླབ་ནི་དེ་གིས་ ཐོན་ཡི་ཟེར་ཨིན་པས།
མོ་རའི་ རྨགཔ་གིས་ཡང་ སྤྱི་ལོ་༢༠༡༡ ལུ་ མི་མང་གི་གདོང་ཁར་ ཐོན་ཡོདཔ་ཨིན་པས།
བློ་སེམས་བཟང་མོ་གིས་ སྤྱི་ལོ་༢༠༠༨ ལུ་ འགོ་དང་པ་ མོ་ར་ལུ་ ནད་གཞི་ཡོདཔ་ཤེས་པའི་སྐབས་ གནམ་ཉིན་མ་ཨིན་ན་ ནུབ་མོ་ཨིན་ན་ མ་ཤེསཔ་ཐལ་ཡོདཔ་མ་ཚད་ བཞེས་སྒོ་ཡང་ བཟའ་མ་ཚུགས་པར་ ཟླཝ་༡ དེ་ཅིག་ ལུས་སོ་ཡི་ཟེར་ཨིན་པས།
ཨིན་རུང་ ཤུལ་ལས་ ནད་གཞི་དེ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་སར་མཐོང་པའི་ཁར་ ནད་གཞི་གི་སྐོར་ལས་ ལེགས་ཤོམ་ཧ་གོ་ སྨན་བཅོས་ཚུ་ཡོདཔ་ ཧ་གོ་ཞིནམ་ལས་ཚུར་ སྨན་བཅོས་འབད་ནི་ འགོ་བཙུགས་ཏེ་ ད་ལྟོ་ ལུས་སེམས་གཉིས་ཆ་ར་སྒྲིང་སྒྲི་སྦེ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལས་ཨིན་མི་ སྐྱེས་ལོ་༣༥ ལང་མི་ བཀྲིས་དཔལ་འཛོམས་དེ་ཡང་ ཨ་ལོ་༡ གི་ཨའི་ཨིནམ་ད་ མོ་གིས་ཡང་ ཁ་ཙ་ མི་མང་གི་གདོང་ཁར་ ཨེཆ་ཨའེ་བི་ནད་འབུབ་ ཐོབ་སྟེ་ཡོད་ཟེར་ གསལ་སྟོན་འབད་ཡོདཔ་ཨིན་པས།
མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་ར་ ནད་གཞི་དེ་ སྤྱི་ལོ་༢༠༠༤ ལུ་ ཐོབ་ཡོདཔ་སྦེ་ཨིནམ་ད་ ནད་གཞི་དེ་ ལུས་འབྲེལ་ལུ་བརྟེན་ཏེ་ ཐོབ་པའི་ཤུལ་ལས་ སྨན་བཅོས་འབད་ནི་དེ་ སྤྱི་ལོ་༢༠༡༡ ལུ་ འགོ་བཙུགས་ཅི་ཟེར་ཨིན་པས།
མོ་ར་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་སྨན་ཁང་ནང་ ལཱ་འབད་མི་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་ནངས་པར་ མི་མང་ཤོས་ཅིག་གིས་ བརྟག་དཔྱད་འབད་བར་ མ་འོང་མི་དེ་ཡང་ ཁོང་རའི་གཟུགས་ཁར་ ནད་གཞི་ཡོདཔ་ ཤེས་འོང་ཟེར་ཨིན་པས།
ཁ་ཙ་ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་པོའི་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ འཛམ་གླིང་ཨེཌསི་གི་ ཉིནམ་བརྩི་སྲུང་ འགོ་འབྱེད་མཛད་གནང་ཡི།
མི་མང་གི་གདོང་ཁར་ གསལ་སྟོན་འབད་མི་ ཨམ་སྲུ་༢ བརྩིསཝ་ད་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་བསྡོམས་༡༠ ཐོན་མིའི་གྲས་ལས་༦ ཕོ་སྐྱེས་ཨིནམ་བཞིན་དུ་ མི་གྲངས་༧༦ གིས་ ཁྲག་གི་བརྟག་དཔྱད་ འབད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *