སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ དབུ་བཞུགས་མཛད་གནང་པའི་བསྒང་།

འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ ཁ་ཙ་གྲོལ་ཡོདཔ།

༉ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ སྟོན་པ་རྡོར་གདན་མའི་ སྐུ་མདུན་དུ་སྦེ་ རང་ཟླ་༤ པའི་ཚེས་༢༤ ལས་འགོ་བཙུགས་ བདུན་ཕྲག་༡ གི་རིང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་༡,༠༠༠ ལྷགཔ་ཅིག་དང་ དད་ཅན་སྟོང་ཕྲག་ལས་བཅད་མི་ཚུ་གིས་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ཐེངས་༣ པ་གནང་མི་དེ་ ཁ་ཙ་ གྲོལ་གནང་ཡི།
ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་གིས་ གསུངས་མིའི་ནང་ ཀུན་གསལ་ཕོ་བྲང་གི་ ས་ཁོངས་དེ་ གོ་ཡངས་པའི་ཁར་ སྟོན་པ་རྡོར་གདན་མའི་སྐུ་འདྲ་ཆེན་མོ་དེ་ གཟི་བརྗིད་ཆེ་ཏོག་ཏོ་དང་ བྱིན་རླབས་ཆེ་དྲགས་ཡོད་ནི་དེ་གིས་ སྨོན་ལམ་ཆེན་མོ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ད་རིས་ ཆོས་སྐྱོང་ཡེ་ཤེས་མགོན་པོ་དང་ ལྕམ་དྲལ་གྱི་ གསོལ་མཆོད་གཏང་རག་ཚོགས་འཁོར་བསྐོར་གནང་ནི་དང་ ནངས་པ་དྲོ་པར་ ཆུ་ཚོད་༦ ལས་༩ ཚུན་ཚོད་ བསངས་མཆོད་རྒྱསཔ་གནང་ནི་ དེ་ལས་ ཆུ་ཚོད་༡༠ ལས་འགོ་བཙུགས་ ཞབས་དྲུང་རིན་པོ་ཆེ་སྐུ་གོངམ་ ཀུན་མཁྱེན་པདྨ་དཀར་པོའི་ བླ་སྒྲུབ་ཀྱི་དབང་ལུང་གནང་ཐོག་ལས་ སྨོན་ལམ་ཆེན་མོ་འགྲོལ་གནང་ནི་ཨིན་པས།
ལས་ཚོགས་སློབ་དཔོན་གྱིས་ གསུངས་མིའི་ནང་ འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་ཚོགས་འཁོར་དེ་ སྤྱིར་ འགྲོ་བ་རིགས་དྲུག་གི་སེམས་ཅན་ག་རའི་ སྡུག་བསྔལ་ཞི་ནི་དང་ བདེ་སྐྱིད་འཐོབ་ནི་ ལྷག་པར་དུ་ རྒྱལ་ཁབ་ཀྱི་ འབྱུང་བཞིའི་རྐྱེན་ངན་དང་ འཁྲུག་རྩོད་ཚུ་ཞི་ནི་ རྐྱེན་ངན་བར་ཆད་ཚུ་བསལ་ནི་ ཆར་ཆུ་དུས་སུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་ནི་ གཞུང་སྒེར་གྱི་བསམ་དོན་ཚུ་འགྲུབ་ནི་ རྒྱལ་ཁབ་ནང་ ཕུན་སུམ་ཚོགས་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
དེ་འབདཝ་ལས་བརྟེན་ རྒྱལ་ཁབ་ཀྱི་ སྐུ་རིམ་སྦོམ་ཤོས་ཅིག་སྦེ་ གྲྭ་ཚང་དགེ་འདུན་འདུས་ཚོགས་ཀྱིས་ བརྩི་འཇོག་འབདཝ་ཨིན་ཟེར་ཨིན་པས།
སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་དང་འཁྲིལ་ བླམ་ཚེ་རིང་དབང་འདུས་ཀྱིས་ མ་བཏུབ་བཏུབ་སྦེ་ སྟོན་པའི་སྐུ་འདྲ་བཞེངས་གནངམ་མ་ཚད་ གྲུབ་འབྲས་དེ་ཅིག་ བཏོན་ཚུགས་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ས་ཆ་དང་ འཐུང་ཆུ་ གློག་མེ་ དེ་ལས་ འཁོར་ལམ་གྱི་ མཐུན་རྐྱེན་ཚུ་ གྲོགས་རམ་གནང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
སྟོན་པ་རྡོར་གདན་མ་བཞེངས་གནང་མི་ བླམ་ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ སངས་རྒྱས་བསྟན་པའི་ཆོས་ལུགས་དར་ཞིང་རྒྱས་ཐབས་དང་ ནང་པའི་རྒྱལ་ཁབ་ཨིན་པའི་ར་ཁུངས་དང་ ལམ་སྲོལ་གྱིས་ཕྱུགས་པའི་རྒྱལ་ཁབ་ཀྱི་ ལྟ་བ་དང་གཞི་རྩ་ཚུ་ རྩ་བརྟན་སྦེ་བཞག་ནི་ལུ་ དམིགས་བསལ་དུ་ སྨོན་ལམ་ཆེན་མོ་འགོ་འདྲེན་འཐབ་མི་ལུ་བརྟེན་ ཁེ་ཕན་ཡོད་ཟེར་ སླབ་ཨིན་པས།
འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་སྐབས་ དཀོན་མཆོག་ལུ་ དད་དང་མོས་གུས་དེ་ ལུས་ཀྱི་སྒོ་ནས་ལུས་ ཕུལ་ནི་དང་ ངག་གི་སྒོ་ནས་ གསོལ་འདེབས་བགྱང་ནི་ ཡིད་ཀྱི་སྒོ་ནས་ སྨོན་ལམ་བཏབ་ནི་ཚུ་ ན་ཚ་འབྱུང་རུང་ ཤི་རུང་ དཀོན་མཆོག་གསུམ་མཁྱེན་ཟེར་ དཀོན་མཆོག་གསུམ་ལུ་ ལུས་ངག་ཡིད་༣ གྱི་སྒོ་ནས་ སྨོན་ལམ་ བཏབ་སྟེ་ཕུལ་མི་དེ་ ལུགས་སྲོལ་བཟངམ་ཅིག་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ རིག་གཞུང་དང་ གསོ་བ་ དེ་ལས་ རྩིས་གཞུང་གསུམ་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ གཞི་བཙུགས་གནང་མི་ལུ་བརྟེན་ ཁེ་ཕན་སྦོམ་ཡོད་ལུགས་དང་ རང་སོའི་ཁྱིམ་དང་ ལྷ་ཁང་ དགོན་སྡེ་ཚུ་ནང་ འགོ་འདྲེན་འཐབ་མ་ཚུགས་མི་ཚུ་གིས་ ཕྱག་འཚལ་སྨོན་ལམ་བཏབ་ནི་དང་ སྙན་དར་ཕུལ་བར་འོང་ཚུགས་པ་ཅིན་ ག་ཅི་གི་ཐད་ལས་འབད་རུང་ ཕན་ཐོགས་སྦོམ་ཡོདཔ་སྦེ་ བླམ་ཚེ་རིང་དབང་འདུས་ཀྱིས་ སླབ་ཨིན་པས།
ཐིམ་ཕུག་ལུ་སྦེ་ འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དེ་ ཐིམ་ཕུག་རྫོང་ཁག་བདག་སྐྱོང་དང་ ཐིམ་ཕུག་ཁྲོམ་སྡེ་ དེ་ལས་ གཞུང་གྲྭ་ཚང་དགེ་འདུན་༣ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ཉིན་བསྟར་བཞིན་དུ་ རྫོང་ཁག་༢༠ གི་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ སྨོན་ལམ་བཏབ་ནི་དང་ ཕྱག་འཚལ་བར་འཛོམས་ཡོད་པའི་ཁར་ ཕྱིའི་ལྟ་བཤལཔ་ཚུ་ཡང་ བརྒྱ་ཕྲག་ལས་བཅད་དེ་ སྤུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *