འཛམ་གླིང་ཞི་བདེའི་ཉིནམ་ བརྩི་སྲུང་འབད་དགོ་པའི་གནད་ཁུངས།

༉ ལོ་བསྟར་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༢༡ ལུ་ འཛམ་གླིང་ཞི་བདེའི་ཉིནམ་ བརྩི་སྲུང་འབདཝ་ཨིན།

དེ་སྦེ་ བརྩི་སྲུང་འབད་དགོ་པའི་ཁུངས་དང་དགོས་པ་ མདོར་བསྡུས་ཏེ་ ཞུ་བ་ཅིན་ མ་གཞི་ ཞི་བདེ་ཟེར་མི་དེ་ མི་མཐུན་པའི་ རྐྱེན་ངན་བར་ཆད་ཚུ་ཞི་ཞིང་ མཐུན་རྐྱེན་བདེ་སྐྱིད་ཀྱི་ཐོག་ལུ་ གནས་དགོ་པའི་ རེ་བ་བསྐྱེད་མི་འདི་ལུ་ ཞི་བདེ་ཟེར་གོཝ་ཨིན་མས།

ཞི་བདེ་འདི་ལུ་ ནང་པའི་ཆོས་ཀྱི་ཁ་ཐུག་ལས་ ཕྱི་ནང་གསང་གསུམ་གྱི་ ཞི་བདེ་ཟེར་ བརྩི་དགོ་མི་དེ་ཡང་།

༡༽ དང་པ་ ཕྱིའི་ཞི་བདེ་ཟེར་མི་འདི་ ཕྱི་སྣོད་འཇིག་རྟེན་གྱི་ས་ཆ།

ཀ་ མཐོ་བ་གངས་རི་ཐམས་ཅད་ རྟག་པ་དང་བརྟན་པ་མེད་པར་ འགྱེལ་ཞིང་བརྡིབ་འགྱོ་ནིའི་ རང་བཞིན་གྱི་ཉེན་ཁ་དང་།

ཁ་ དམའ་བ་རྒྱ་མཚོ་ཐམས་ཅད་རྦ་རླབས་འཁྲུགས་ཏེ་ གནས་མི་ཚུགས་ནིའི་རང་བཞིན་གྱི་ཉེན་ཁ།

ག་ བར་ནའི་ལུང་གཤོང་ཐམས་ཅད་ ཆུ་རུད་ཆད་ནི་དང་ རྩི་ཤིང་སྐམ་ནི་རང་བཞིན་གྱི་ འབྱུང་བ་བཞིའི་རྐྱེན་ངན་གྱི་ཐོག་ལུ་གནས་ཏེ༌ ཡོད༌མི༌ཚུ༌ལས༌ ཞི༌བདེ༌དགོཔ༌ཨིན༌མས།

༢༽ གཉིས༌པ༌ ནང༌གི༌ཞི༌བདེ༌ཟེར༌མི༌འདི༌ འཛམ༌གླིང༌ནང༌ཆགས༌ཏེ༌ཡོད༌པའི༌ ནང༌བཅུད༌ཀྱི༌མི༌དང༌ སེམས༌ཅན༌གྱི༌ གནས༌སྟངས༌ལུ༌ དཔལ༌འབྱོར༌གོང༌འཕེལ༌འགྱོ༌བའི༌བསྒང༌ཨིནམ༌ལས༌ ནད༌ཡམས་མུ༌གེ༌འཁྲུགས༌རྩོད༌ དམག༌འཁྲུག༌ལ༌སོགས༌པ༌ འབྱུང༌ནིའི་ཉེན༌ཁ༌ཚུ༌ལས༌ ཞི༌བདེ༌དགོཔ༌ཨིན༌མས།

༣༽ གསུམ༌པ༌ གསང༌བའི༌ཞི༌བདེ༌ཟེར༌མི་འདི༌ མི༌ཚུ༌གི༌ ཆོས༌དང༌མ༌མཐུན༌པའི༌ ལུས༌ངག༌ཡིད༌གསུམ༌གྱི༌ བྱ་བ༌སྤྱོད༌ལམ༌རྣམ༌ པ༌སྣ༌ཚོགས༌ལུ༌བརྟེན༌ སེམས་དགའ་ཏོག་ཏོ་དང་ ལུས་སྐྱིད་ཏོང་ཏོ་ཐོབ་མ་ཚུགས་པའི་ དུས་ཚོད་ལུ་གྱུར་ཏེ་ཡོད་ནི་དེ་གིས་ སེམས་ཀྱི་ཞི་བདེ་དགོཔ་ཁག་ཆེ།།

དེ་སྦེ་ ཞི་བདེ་ཁག་གསུམ་པོ་ འབྱུང་ནིའི་དོན་ལས་ ཐུགས་སྨོན་གནང་དགོཔ་གལ་ཆེ་ཟེར་ཞུ་ནི།

ཐུགས་སྨོན་གནང་ནིའི་དོན་ལས་ཞི་བདེའི་སྨོན་ལམ།

བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས། །འབྱུང་བཞིས་འཁྲུགས་པའི་ནད་དང་སྡུག་བསྔལ་ཀུན། །ནད་མུག་མཚོན་གྱི་བསྐལ་པ་ནུབ་གྱུར་ཏེ། །རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་དཔལ་འབར་ཤོག །མི་མཐུན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ནས། །ནད་མུག་འཁྲུགས་རྩོད་མིང་ཡང་མི་གྲགས་པར། །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་ཕུན་ཚོགས་ཤོག །སློབ་སྐལ་བཟང་གིས་སོ།

འབྱུང་བ་བཞིའི་ ཉེན་སྲུང་གི་ཉིནམ།

སྤྱི་ཚེས་༢༢/༩/༢༠༠༠ ལུ་ རྒྱལ་ཁབ་ནང་ ས་ཡོམ་གྱིས་ གནོད་སྐྱོན་སྦོམ་བྱུང་མི་དང་འཁྲིལ་ཏེ་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ འབྲུག་གི་ཉེན་སྲུང་གི་ཉིནམ་སྦེ་ བརྩི་སྲུང་འབད་དགོ་མི་དེ་ཡང་ འབྲུག་འདི་ ནང་པ་ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་ཨིནམ་ལས་ ནང་པ་ཆོས་ཀྱི་ཁ་ཐུག་ལས་ འབྱུང་བ་བཞི་གིས་ གནོད་པ་ག་ཅི་བཟུམ་ཅིག་འབྱུང་རུང་ སྐྱབས་དང་རེ་ས་ དཀོན་མཆོག་གསུམ་ལུ་ ཞུ་དགོ་ནི་དེ་གིས་ཨིན།

ཀུན་མཁྱེན་ཀློང་ཆེན་གྱི་ཞལ་ལས། སྐྱབས་དང་རེ་ས་གཞན་དུ་་མཆིས་པས། །ཐུགས་རྗེས་ཟུང་ས་ཤིག་ཨོ་རྒྱན་གུ་རུ་མཁྱེན། །ཟེར་ གསོལཝ་བཏབ་དོ་བཟུམ་སྦེ་ ང་བཅས་ག་ར་གིས་ མགྲིན་དབྱངས་གཅིག་གི་ཐོག་ལས་ རྐྱེན་ངན་བར་ཆད་འབྱུང་མ་བཅུག་མནོ་སྟེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་ལུ་ གསོལཝ་བཏབ་དགོ་མི་ལུ་བརྟེན་ བརྩི་སྲུང་ཞུཝ་མེན་ན་ཟེར་ བསམ་འཆར་བྱུངམ་ཨིན་མས།

འབྱུང་བ་༤ ཞི་ནིའི་གསོལ་འདེབས་ཀྱི་ཐུན་ཚིག།

ཨོྃ་ཨཱཿཧཱུྃ། ཨོ་རྒྱན་པདྨ་འབྱུང་གནས་ཁྱོད་མཁྱེན་ནོ༔ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བ་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

དེ་སྦེ་ཡིད་གཉིས་ཐེ་ཚོམ་མེད་པར་ གུ་རུ་རིན་པོ་ཆེ་ལུ་ གསོལཝ་བཏབ་པ་ཅིན་ འབྱུང་བ་བཞིའི་རྐྱེན་ངན་བར་ཆད་ག་ར་ ཞི་ཚུགས་པའི་ ཕན་ཡོན་བསམ་གྱིས་ མི་ཁྱབ་པར་ཡོད་མི་ལུ་བརྟེན་ གསོལཝ་བཏབ་ནིའི་དོན་ལས་ འབྱུང་བཞིའི་ཉེན་སྲུང་གི་ཉིནམ་སྦེ་ བརྩི་སྲུང་འབདཝ་ཨིན།

ཕུན་ཚོགས་དབང་མོ།

གཞུང་ཁ་སློབ་དཔོན། བདེ་ཆེན་དཔལ་རི་སློབ་གྲྭ་ཆུང་བ།

གསར་སྤང་རྫོང་ཁག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *