འཛམ་གླིང་གསོ་བའི་ཉིནམ་ཐེངས་༧༠ པ་ མེ་རག་ལུ་ བརྩི་སྲུང་འབད་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༧ ལུ་ བཀྲིས་སྒང་མེ་རག་ལུ་ འཛམ་གླིང་གསོ་བའི་ཉིནམ་བརྩི་སྲུང་དང་འབྲེལ་ མེ་རག་གསོ་བའི་གཞི་རྟེན་སྨན་ཁང་ནང་སྦེ་ ས་གནས་ཀྱི་ཨམ་སྲུ་༡༠༠ དེ་ཅིག་གིས་ བུ་ཚང་བརྟག་དཔྱད་འབད་ཡོདཔ་ཨིན་པས།
ཤེས་རབ་སྒྲོལ་མ་མོ་ར་ བུ་ཚང་བརྟག་དཔྱད་འབད་ནི་ལུ་ འདྲོག་བྱེལ་འཐབ་སྟེ་ སྡོད་པའི་ཤུལ་ལས་ མོ་རའི་ཆ་རོགས་ཀྱིས་ བརྟག་དཔྱད་ཀྱི་ ཕན་གནོད་སྐོར་ལས་ བཤད་བྱིན་པའི་ཤུལ་ལུ་ བརྟག་དཔྱད་འབད་བར་སོང་ནུག།
ཨིན་རུང་ སྐྱེས་ལོ་༤༩ ལང་མི་ ཨ་ལོ་༣ གྱི་ཨའི་གིས་ སླབ་མིའི་ནང་ མོ་ར་ བརྟག་དཔྱད་འབད་ནི་ལུ་ གྲ་སྒྲིག་མེད་པའི་ཁར་ ཉིནམ་དེ་ཁར་ བརྟག་དཔྱད་འབད་བར་ མི་མི་ལེ་ཤ་འོང་ཡོདཔ་ལས་ འབད་མི་ཚུགས་ནི་བཟུམ་འདུག་ཟེར་ བསམ་འཆར་བཀོད་ནུག།
ཤེས་རབ་སྒྲོལ་མ་གི་ ཆ་རོགས་རིན་ཆེན་གཡང་འཛོམས་ཀྱིས་ མོ་ར་ འཕྲལ་ཁམས་ཅིག་ཁར་ བརྟག་དཔྱད་འབད་རུང་ ལྷག་པར་དུ་ ཉིནམ་དེ་ཁར་ བརྟག་དཔྱད་འབད་ཡོདཔ་བཞིན་དུ་ མོ་གིས་འབད་བ་ཅིན་ ངོ་ཚ་དགོཔ་དང་ འདྲོག་བྱེལ་འཐབ་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
སྐྱེས་ལོ་༣༩ ལང་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ བརྟག་དཔྱད་དེ་ཡང་ འདས་པའི་ཟླཝ་༥ ནང་ འབད་ཡི་ཟེར་ཨིནམ་ད་ བརྟག་དཔྱད་དེ་ རང་གི་དོན་ལུ་ཨིནམ་ལས་ ད་རུང་ བརྟག་དཔྱད་འབད་བར་འོང་ཡོདཔ་བཞིན་དུ་ ཚ་གྱང་ལང་དགོཔ་ མེད་ཟེར་ཨིན་པས།
གསོ་བའི་དྲུང་ཆེན་ ཌོག་ཊར་ཨོ་རྒྱན་རྡོ་ཕུག་གིས་ སླབ་མིའི་ནང་ གསོ་བའི་གཞི་རྟེན་སྨན་ཁང་ཚུ་ལས་ཕར་ གསོ་བའི་ལས་རོགསཔ་ ཕོ་སྐྱེས་ཚུ་ཡོདཔ་ལས་ ཨམ་སྲུ་ཚུ་གིས་ ངོ་ཚ་སྟེ་ བུ་ཚང་བརྟག་དཔྱད་འབད་བར་ འོང་མི་བཏུབ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ གསོ་བའི་གཞི་རྟེན་སྨང་ཁང་ སྡེ་རིམ་༢ པ་ག་རའི་ནང་ གསོ་བའི་ལས་རོགསཔ་ ཨམ་སྲུ་མེདཔ་ལས་ ཨམ་སྲུ་ཚུ་ལུ་ བུ་ཚང་བརྟག་དཔྱད་འབད་ནི་ལུ་ དཀའ་ངལ་བྱུང་ཡོད་ཟེར་ཨིན་པས།
གནས་སྐབས་ཀྱི་ ཐབས་ཤེས་བཟུམ་ཅིག་སྦེ་ གསོ་བའི་ལྷན་ཁག་གིས་ སྨན་གཡོགཔ་ཨམ་སྲུ་ཚུ་ བགོ་བཀྲམ་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ སྨན་གཡོགཔ་ཚུ་ལུ་ ཟླཝ་༣ དེ་ཅིག་ སྦྱོང་བརྡར་འབད་ཞིནམ་ལས་ གཞི་རྟེན་སྨན་ཁང་༥༢ ནང་ གཏང་ནི་ཨིན་རུང་ མ་འོངས་པ་ལུ་ སྨན་ཁང་ཚུ་ནང་ གསོ་བའི་ལས་རོགསཔ་ ཨམ་སྲུ་ཚུ་ར་ གཏང་འོང་ཟེར་ དྲུང་ཆེན་གྱིས་ བཤད་ཡོདཔ་ཨིན་པས།
འཛམ་གླིང་གསོ་བའི་ཁྱབ་ཚད་ ག་ཏེ་ལུ་དང་ ཆ་མཉམ་ཟེར་བའི་ བརྗོད་དོན་ཐོག་ལུ་ འཛམ་གླིང་གསོ་བའི་ཉིནམ་ བརྩི་སྲུང་ནང་ མེ་རག་དང་ སག་སྟེང་རྒེད་འོག་ལས་ མི་སེར་༢༠༠ དེ་ཅིག་ མེ་རག་ལུ་ འཛོམས་ཡོདཔ་ཨིན་པས།
འབྲུག་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ངོ་ཚབ་ ཌོག་ཊར་ རུའི་ པའོ་ལོ་དི་ ཇི་སུསི་གིས་ སླབ་མིའི་ནང་ འཆར་དངུལ་གྱི་ དཀའ་ངལ་ག་ཅི་ཡང་ མ་འབྱུང་བར་ གསོ་བའི་མཐུན་རྐྱེན་ཚུ་ མི་ག་ར་ལུ་དང་ ས་གནས་ག་ཏེ་ལུ་ཡང་ ཁྱབ་ཚུགསཔ་འབད་མི་དེ་ ཉིནམ་དེ་གི་ བརྗོད་དོན་ཨིན་ཟེར་ཨིན་པས།
འབྲུག་གིས་ གསོ་བའི་མཐུན་རྐྱེན་ཚུ་ མི་སེར་ཚུ་ལུ་ རིན་མེད་སྟོང་པར་བྱིན་པའི་ཁར་ མཐུན་རྐྱེན་ཚུ་ ས་གནས་མཐའ་ཟུར་ མེ་རག་ལུ་ རྒྱ་སྐྱེད་འབད་མི་ལུ་བལྟ་བ་ཅིན་ གཞུང་གིས་ སྤྱི་ལོ་༢༠༡༣ གྱི་ ཡུན་བརྟན་གོང་འཕེལ་གྱི་ དམིགས་གཏད་འགྲུབ་ནི་ལུ་ ཁས་ལེན་འབད་ཡོད་པའི་ རྟགས་མཚན་ཅིག་ཨིན་མས་ཟེར་ ཌོག་ཊར་ རུའི་ པའོ་ལོ་དི་ ཇི་སུསི་གིས་བཤད་ནུག།
ཉིནམ་དེ་ཁར་ ལས་རིམ་གྱི་ཆ་ཤས་བཟུམ་ཅིག་སྦེ་ མེ་རག་དམངས་མི་ ཕུར་པ་གིས་ མི་སྡེ་རྒྱབ་སྐྱོར་ལམ་ལུགས་ཀྱིས་ རྒེད་འོག་ནང་ གྲུབ་འབྲས་བཏོན་ཡོད་པའི་སྐོར་ལས་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ལམ་ལུགས་དེ་ རྒེད་འོག་ནང་ འགོ་བཙུགས་ཏེ་ ལོ་༡ གི་ནང་འཁོད་ལུ་ར་ མིའི་ཚེ་སྲོག་ལུ་ ལེགས་བསྒྱུར་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་པས།
རྒེད་འོག་གི་ ཨམ་སྲུ་ཚོགས་པ་གིས་ རྒྱབ་སྐྱོར་ཐོག་ལས་ དམངས་མི་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ བུ་ཚང་བརྟག་དཔྱད་འབད་དགོ་པའི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ འབད་བཞིན་ཡོདཔ་མ་ཚད་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་ཡང་ ཨིན་ཅི་མིན་ཅི་ སྨན་ཁང་ནང་ འོང་དགོ་པའི་སེམས་ཤུགས་བསྐྱེད་ཡོད་ཟེར་ཨིན་པས།
ང་བཅས་ར་ ལ་ཁ་མཐོ་སའི་ མི་སྡེ་ཅིག་འབདཝ་ལས་ རྫོང་ཁག་གསོ་བའི་ལས་སྡེ་ཚུ་གིས་ ས་གནས་དེ་ནང་གི་ མི་སེར་ག་ར་ལུ་ ཁྱབ་མི་ཚུགས་པས་ཟེར་ཨིནམ་ད་ ལ་ཁའི་མི་ཚེ་གནས་སྟངས་ མ་འདྲཝ་ཡོད་མི་ལུ་བརྟེན་ རང་སོའི་སྒོ་ནོར་སེམས་ཅན་ཚུ་ ས་མཚམས་ཁར་ བདའ་བསྐྱལ་དགོཔ་ཐོན་མི་ལུ་བརྟེན་ ལུས་འབྲེལ་ལུ་བརྟེན་པའི་ ནད་གཞི་འཐོབ་ནི་ལུ་ ཉེན་ཁ་སྦོམ་ཡོད་ཟེར་ དམངས་མི་ཕུར་པ་གིས་ བཤད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གསོ་བ་དང་ མི་སྡེའི་དཀའ་ངལ་སེལ་ཐབས་ལུ་ རྫོང་ཁག་དང་ རྒེད་འོག་བདག་སྐྱོང་ གསོ་བའི་ལྷན་ཁག་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ མཉམ་་རུབ་ཐོག་ལས་ འགན་ཁུར་འབག་དགོཔ་དེ་ ཁག་ཆེ་དྲགས་ཅིག་ ཨིན་ཟེར་ཨིན་པས།
མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གི་ སྐྱབས་འཛིན་འོག་ལུ་ སྤྱི་ལོ་༢༠༠༥ ལུ་ མི་སྡེ་རྒྱབ་སྐྱོར་ལམ་ལུགས་དང་ སྤྱི་ལོ་༢༠༠༡ ལུ་ རྫོང་ཁག་ལས་བྱེད་ཚོགས་ཆུང་ཚུ་ཡང་ ནད་འབུབ་ཨེཆི་ཨའེ་བི་དང་ ནང་འཁོད་རྩུབ་སྤྱོད་ དེ་ལས་ གཙོ་རིམ་མི་མང་གསོ་བ་དང་ མི་སྡེ་གསོ་བའི་གནོད་ཉེན་ཚུ་གི་ དཀའ་ངལ་སེལ་ཐབས་ལུ་དམིགས་ཏེ་ གཞི་བཙུགས་འབད་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *