འབྲོང་གྱིམ་ཙེ་ཚབ་བཙུགས་ཀྱི་ལཱ་ནང་ དངུལ་ཀྲམ་༢༣༠,༠༠༠ ལྷགཔ་ཅིག་ལོག་སྤྱོད།

སོ་ནམ་དང་ ནགས་ཚལ་ལྷན་ཁག་གི་ འགོ་དཔོན་གོངམ་༢ ལུ་ ཉེས་བཤེར་འབད་ནིའི་ འོས་འབབ་ཡོད་མེད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་དོ་ཡོདཔ།

༉ འབྲོང་གྱིམ་ཙེ་ཚབ་བཙུགས་ཀྱི་ ལས་འགུལ་ནང་ མ་དངུལ་ལྐོག་ཟ་འབད་བའི་ ཞིབ་དཔྱད་སྙན་ཞུ་དེ་ལུ་ ཉེས་བཤེར་འབད་ནི་གི་ འོས་འབབ་ཡོད་མེད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
ཞིབ་དཔྱད་སྙན་ཞུ་དེ་ འདས་པའི་ཟླཝ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བསྐྱལ་ཡོདཔ་བཞིན་དུ་ ད་ལྟོ་ ང་བཅས་ཀྱིས་ བསྐྱར་ཞིབ་འབད་བའི་བསྒང་ཡོད་ཟེར་ རྩོད་དཔོན་ཅིག་གིས་ བཤདཔ་ཨིན་པས།
མ་དངུལ་ལོག་སྤྱོད་ཀྱི་ གནོད་འགེལ་ནང་ ཐད་ཀར་དང་ ཐད་ཀར་མིན་པའི་ཐོག་ལས་ འབྲེལ་གཏོགས་འབད་མི་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ རང་བཞིན་ཉམས་སྲུང་སྡེ་ཚན་གྱི་ སྒོ་ནོར་ཐོན་སྐྱེད་གཙོ་འཛིན་འོག་མ་དང་ ནགས་ཚལ་གླིང་འཛིན་གོངམ་ དེ་ལས་ དབང་འདུས་ཕོ་བྲང་བ་འཇོ་ལས་ ཚོད་བསྲེ་ཚོང་པ་ཅིག་ལུ་ ཉེས་འཛུགས་ཐོག་ ཉེས་བཤེར་འབད་དགོཔ་སྦེ་ ལྷན་ཚོགས་ཀྱིས་ གྲོས་འདེབས་བཀོད་ནུག།
འབྲོང་གྱིམ་ཙེ་མོ་བཟུང་སྟེ་ ཉམས་སྲུང་ས་ཁོངས་ནང་ བསྐྱལ་ནི་གི་ལཱ་དེ་ རང་བཞིན་ཉམས་སྲུང་སྡེ་ཚན་གྱི་འོག་ལུ་ རི་དྭགས་སྲོག་སྐྱབས་དང་ སེམས་ཅན་འཕྲོད་བསྟེན་ལས་ཚན་གྱིས་ ན་ཧིང་སྤྱི་ཟླ་༣ པའི་ཚེས་༡ དང་ སྤྱི་ཟླ་༤ པའི་ཚེས་༡༩ གི་བར་ན་ འགོ་འདྲེན་འཐབ་ཡོདཔ་ད་ ལཱ་དེ་གི་དོན་ལུ་ མ་དངུལ་འབུམ་༥ གནང་བ་གྲོལ་ཡོདཔ་ཨིན་པས།
དེ་ཡང་ ཐིམ་ཕུག་མུ་ཏིག་ཐང་ཉམས་སྲུང་ས་ཁོངས་ནང་ འབྲོང་གྱིམ་ཙེ་༢༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ མགར་ས་ལུ་ཡོད་མི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གླིང་ཁ་ལས་ འབྲོང་གྱིམ་ཙེ་མོ་༥ བཟུང་སྟེ་ ཚབ་བཙུགས་ནི་གི་ འགན་ཁུར་དེ་ སྒོ་ནོར་ཐོན་སྐྱེད་གཙོ་འཛིན་འོགམ་ལུ་ བཀལ་ཡོདཔ་ཨིན་པས།
ཁ་ཉེས་ཕོག་མི་ འགོ་འཛིན་དེ་གིས་ ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་༢༥༠,༠༠༠ སྔོན་བྱིན་སྦེ་ ལེན་ཡོདཔ་བཞིན་དུ་ ཁོ་གི་འོག་ལུ་ ལཱ་འབད་མི་ ཁོ་གི་ལས་ཚན་ལས་ མི་༥ དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གླིང་ཁ་ལས་ ནགས་ཚལ་ལས་བྱེདཔ་༡༠ བཏང་ནུག།
ཁ་ཉེས་ཕོག་མི་དེ་གིས་ མ་དངུལ་གྱི་ སྔོན་རྩིས་བཏོན་མི་དེ་ནང་ གཡིབ་ས་དང་ ཟམ་རྐྱབ་ནི་ གཉིད་སྨན་བྱིན་ཏེ་དྲན་མེད་བཟོ་མི་ འབྲོང་གྱིམ་ཙེ་ཚུ་ བཙན་བཟུང་འབད་ས་ལས་ འཁོར་ལམ་ཚུན་ བསྐྱལ་ནི་དང་ དེ་ཁ་ལས་ སྣུམ་འཁོར་ཐོག་ལུ་ སྐྱེལ་འདྲེན་འབད་དེ་ མུ་ཏིག་ཐང་ཉམས་སྲུང་ས་ཁོངས་ནང་ གཏང་བཞག་ནི་ དེ་ལས་ སྒར་སྤོ་བཤུད་འབད་ནི་དང་ སེམས་ཅན་བཟུང་ནིའི་ ལྷུ་རྫས་ཉོ་ནི་གི་ ཟད་འགྲོ་ཚུ་ གསལ་བཀོད་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ད་ ཟམ་རྐྱབ་ནི་དང་ གཉིད་སྨན་བྱིན་ཏེ་ དྲན་མེད་ཐོག་ འཁོར་ལམ་ཚུན་ བསྐྱལ་ནི་གི་ ལཱ་ཚུ་ག་ར་ ནགས་ཚལ་ལས་བྱེདཔ་ཚུ་གིས་ འབད་ཡོད་རུང་ ལས་མི་ཉིན་བསྟར་ཐོ་དེབ་ནང་ ས་གནས་ལས་ ལས་མི་འཚོལ་ཏེ་ འབད་བཅུག་ཡོདཔ་སྦེ་ བཀོད་ཡོདཔ་མ་ཚད་ མགར་ས་ལུ་ གཡིབ་ས་ཚུ་ བཟོ་སྐྲུན་འབད་འབདཝ་མེད་པའི་ མངོན་གསལ་བྱུང་ནུག།
ཁ་ཉེས་ཕོག་མི་ འགོ་འཛིན་དེ་གིས་ ལས་མིའི་ཉིན་བསྟར་ཐོ་དེབ་ཀྱི་ ཤོག་གྲངས་༥ རྫུས་མ་བཟོ་ཡོདཔ་མ་ཚད་ ཤོག་གྲངས་རེ་ནང་ ལས་མི་༡༨ ཀྱི་མིང་གསལ་དང་ ལག་ཐི་རྐྱབ་སྟེ་ཡོདཔ་བཞིན་དུ་ ཤོག་གྲངས་༥ ཆ་རའི་ནང་ ལས་མིའི་མིང་གསལ་ཅོག་འཐདཔ་བཀོད་ཡོདཔ་ད་ ལས་མི་ཚུ་ཡང་ མགར་ས་ཁ་སྟོད་རྒེད་འོག་ ཡེ་མི་ནང་དང་ ཁའི་ལོ་གཡུས་ཚན་ཚུ་ལས་ཨིནམ་སྦེ་ བཀོད་ནུག་ཟེར་ ལྷན་ཚོགས་ཀྱི་ སྙན་ཞུ་ནང་བཀོད་ནུག།
ཞིབ་དཔྱད་སྐབས་ མི་སེར་ཚུ་ལུ་ དྲི་བ་དྲིས་ལན་འབདཝ་ད་ ནགས་ཚལ་སྡེ་ཚན་གྱིས་ ཁོང་ཆ་ཁྱབ་ ལས་མི་སྦེ་ བཙུགས་བཙུགསཔ་མེདཔ་མ་ཚད་ ལས་མིའི་ཐོ་དེབ་ནང་ ལག་ཐི་ཡང་ རྐྱབ་རྐྱབ་མེད་པའི་ཁར་ ཏི་རུ་ཡང་ ལེན་ལེནམ་མེད་ཟེར་ སླབ་དེས་ཟེར་ཨིན་པས།
ད་རུང་ ཁ་ཉེས་ཕོག་མི་དེ་གིས་ སྒར་སྤོ་བཤུད་འབད་བའི་ ལག་བྲིས་འབྱོར་འཛིན་༢ རྫུས་མ་བཟོ་མི་དེ་ཡང་ འབྱོར་འཛིན་༡ ནང་ རྟ་གྲངས་༡༤ དང་ དོ་འབག་མི་༡ འབྱོར་འཛིན་གཞན་ནང་ རྟ་༡༦ དང་ དོ་འབག་མི་༡ ལག་ལེན་འཐབ་ཡོདཔ་སྦེ་ འཁོད་ཡོདཔ་ཨིན་རུང་ རྟ་དེ་ཚུ་གི་ ཇོ་བདག་༢ ཀྱི་ མིང་གསལ་བཀོད་མི་དེ་ མེད་པའི་ཁར་༡ ལུ་ རྟ་ཕུད་རྡོག་གཅིག་ཡང་མེད་པའི་ ངོས་འཛིན་བྱུང་ནུག།
དོགས་ཅན་འགོ་དཔོན་དེ་གིས་ ལྷན་ཚོགས་ལུ་ ཐོབ་བརྗོད་བཀོད་ནིའི་ ལྷན་ཐབས་ལུ་ ལས་མི་ཐོ་དེབ་རྫུས་བཟོའི་ནང་ ལག་ཐི་དང་ མིང་རྟགས་ཚུ་ ཁོ་ར་གིས་ རྐྱབ་ཡོདཔ་སྦེ་ ཁ་བཟེད་ཅི་ཟེར་ སྙན་ཞུ་ནང་བཀོད་ནུག།
དེ་ལས་ ཁ་ཉེས་ཕོག་མི་དེ་གིས་ ལས་མི་ཐོ་དེབ་ རྫུས་མ་བཟོ་མི་ཚུ་གུ་ འབྲོང་གྱིམ་ཙེ་ཚབ་བཙུགས་ཀྱི་ལཱ་ནང་ འབྲེལ་གཏོགས་འབད་མི་ ནགས་ཚལ་གླིང་འཛིན་གོངམ་གིས་ བདེན་སྦྱོར་འབད་བའི་ཤུལ་ལས་ ནགས་ཚལ་གཙོ་འཛིན་འགོ་དཔོན་གྱིས་ གནང་བ་གྲུབ་ནུག་ཟེར་ཨིན་པས།
སྒོ་ནོར་ཐོན་སྐྱེད་གཙོ་འཛིན་འོགམ་དེ་གིས་ ད་རུང་ བ་འཇོ་ལུ་ ཚོད་བསྲེ་ཚོང་ཁང་ཅིག་གི་ ཇོ་བདག་ལས་ རྩིས་བཱིལ་སྟོངམ་ཅིག་ལེན་ཏེ་ སེམས་ཅན་བཟུང་ནིའི་ ལྷུ་རྫས་ཚུ་ ཉོ་ཡོདཔ་སྦེ་ ཐོབ་བརྗོད་བཀོད་ཡོདཔ་ད་ མ་གཞི་ ཚྭ་བེག་ཅིག་ཉོ་སྟེ་ ས་ཁོངས་ནང་ ལག་ལེན་འཐབ་ཡོད་རུང་ གེ་ཟ་དང་ དཀར་ཚུ་ཉོ་ཉོཝ་མིན་འདུག་ཟེར་ཨིན་པས།
ཞིབ་དཔྱད་ཀྱི་ གྲུབ་འབྲས་དང་འཁྲིལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྒོ་ནོར་ཐོན་སྐྱེད་གཙོ་འཛིན་འོགམ་ལུ་ སྔོན་བྱིན་མ་དངུལ་ དངུལ་ཀྲམ་༢༣༠,༠༠༠ ལྷགཔ་ཅིག་ ལྐོག་ཟ་དང་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་ཐོག་ ཉེས་བཤེར་འབད་དགོ་པའི་ གྲོས་འདེབས་བཀོད་པའི་ཁར་ ནགས་ཚལ་གླིང་འཛིན་གོངམ་དང་ ཚོད་བསྲེ་ཚོང་པ་ལུ་ གནོད་འགེལ་ནང་ གྲལ་གཏོགས་འབད་ཡོད་པའི་ ཉེས་འཛུགས་བཀོད་དགོཔ་སྦེ་བཀོད་ནུག།
ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༧ ཟླ་༩ པའི་ཚེས་༡༨ ལུ་ བརྡ་དོན་ཡོངས་འབྲེལ་འཆར་སྒོ་ནང་ མ་དངུལ་ལོག་སྤྱོད་འབད་ཡོད་པའི་སྐོར་ ཉོགས་བཤད་ལྷོད་མི་དང་འཁྲིལ་ ཞིབ་དཔྱད་རྐྱབ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *