འབྲེལ་ཡོད་མི་ངོམ་ འཕྲལ་མགྱོགས་ར་ རྒྱལ་ཁབ་ནང་ ལོག་འཁྱིད་འོང་དགོ་པའི་འཁྲུན་ཆོད།

༉ བསོད་ནམས་ཕུན་ཚོགས་དང་ བསོད་ནམས་དབང་མོ་ དེ་ལས་ རྟ་མགྲིན་བུ་དར་གྱི་ རྩོད་གཞི་དེ་ལུ་ མངོན་མཐོ་ཁྲིམས་འདུན་གྱི་ བསྐྱར་ཞིབ་ལྷན་རྒྱས་ཀྱིས་ ཆ་ཤས་འཕྲི་སྣོན་དང་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
དེ་ཡང་ བསོད་ནམས་དབང་མོ་གིས་ ཡིག་རིགས་གན་རྒྱ་ཁག་༣ ལས་ མཇུག་གི་གན་རྒྱ་ནང་ ལག་རྗེས་རྐྱབ་མི་དེ་ མོ་གི་མེན་པའི་ཁར་ ད་རུང་ རྩ་ཕན་གྱི་བར་ན་ གན་ཡིག་རིམ་ཐེངས་༣ ནང་ མོ་གིས་ ལག་རྗེས་རྐྱབ་སྟེ་མེད་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ཟླ་༧ པའི་ཚེས་༡༡ ལུ་ དངུལ་སྤྲོད་ལེན་གྱི་འབྱོར་རྟགས་ནང་ཡང་ མོ་གིས་ མ་བཀོད་ཟེར་ རྫུས་མ་ཨིནམ་སྦེ་ཞུ་མི་ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ ནན་ཏན་ཞིབ་དཔྱད་འབད་བའི་སྐབས་ དེ་བཟུམ་མའི་ སྟབས་བདེ་སྡུག་ཐོན་མི་དེ་ གཙོ་བོ་ར་ ག་གིས་རྫུན་མ་བཟོ་ཡོདཔ་ཨིན་ན་དེ་ རྒྱལ་ཁབ་ལས་ བྲོས་ཟུར་འབད་སྡོད་མི་གིས་ ཤེས་ཚུགས་ནི་ཨིནམ་ལས་ ཤུལ་ལས་ཁྲིམས་སྲུང་འགག་པ་བརྒྱུད་དེ་ ཚན་རིག་ཐོག་ལས་ བརྟག་དཔྱད་འབད་དེ་ ཉེས་བཤེར་འབད་ནི་ཨིན་པས།
དེའི་དོན་ལུ་ བྲོས་ཟུར་འབད་སྡོད་མི་ བསོད་ནམས་དབང་མོ་དེ་ ག་ཏེ་ཡོད་རུང་ གང་མགྱོགས་འཛིན་བཟུང་འབད་དགོ་པའི་ཁར་ ཕྱི་འབྲེལ་ལྷན་ཁག་གི་ མགྲོན་སྐྱོང་ལས་ཁུངས་འོག་གི་ ལམ་ཡིག་སྡེ་ཚན་གྱིས་ མོ་རའི་ ལམ་ཡིག་མཐའ་དག་ གནས་སྐབས་ཅིག་ བཀག་འཛིན་འབད་དེ་ བཞག་དགོ་པའི་འཁྲུན་ཆོད་བཏོན་ནུག།
དེ་ལས་ བསོད་ནམས་ཕུན་ཚོགས་ཀྱི་ བུ་ལོན་ཐད་ཁར་ བསོད་ནམས་དབང་མོ་གིས་ མོ་ར་རྒྱལ་ཁབ་ནང་སྡོད་པའི་སྐབས་ མོ་རའི་རྒྱབ་མི་ ཡོན་ཏན་རྒྱ་མཚོ་བརྒྱུད་དེ་ སྤྱི་ལོ་༢༠༡༤ ལུ་ འབྱོར་རྟགས་ཁག་༤ ནང་རྐྱབ་མི་ ལག་རྗེས་དེ་ མོ་གི་ཨིན་ཟེར་ བདེན་སྦྱོར་འབད་བའི་ཁར་ ལྕང་ཟམ་ཏོག་ལུ་ཡོད་མི་ སྒྲིང་ཁྱིམ་ཕྱེད་ཀ་ཅིག་ བྲོས་ཟུར་འབད་མི་ལུ་ ཐོབ་ལམ་ངེས་བདེན་འདུག་ཟེར་བཀོད་ནུག།
དེ་འབདཝ་ལས་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་༢༠༠༥ ཅན་མའི་ དོན་ཚན་༤ པའི་ཁ་པ་དང་༥ པའི་ཁ་པ་དང་འཁྲིལ་ བསོད་ནམས་ཕུན་ཚོགས་ལས་ དངུལ་ཀྲམ་༡༨༠,༠༠,༠༠༠ (འབུམ་གཅིག་བརྒྱ་བརྒྱད་བཅུ་) ལེན་མི་དེ་ ངེས་བདེན་ཨིནམ་སྦེ་ ཆ་བཞག་སྟེ་ཡོད་ཟེར་ འཁྲུན་ཆོད་གནང་བཀོད་ནུག།
མཐོ་གཏུགས་པ་ རྟ་མགྲིན་བུ་དར་དང་ བྲོས་ཟུར་པ་ བསོད་ནམས་དབང་མོ་གཉིས་ ཁེ་རྒུད་གཅིག་པའི་ ཨའི་དང་བུམོ་ཨིནམ་ལས་ ལྕང་ཟམ་ཏོག་ལུ་ཡོད་མི་ སྒྲིང་ཁྱིམ་དེ་ཡང་ ཁོང་གཉིས་ཆ་ར་ལུ་ ཐོབ་ལམ་འདུག་ཟེར་བཀོད་ནུག།
བསོད་ནམས་དབང་མོ་གིས་ ཡིག་ཆ་རྫུས་མ་བཟོ་སྟེ་ ཀྲི་དངུལ་ཁང་དང་ མི་ངོ་སོ་སོར་ཚུ་ལས་ ཏི་རུ་ལེན་ཡོད་མིའི་ཐད་ཁར་ གནས་སྟངས་དང་བསྟུན་པའི་ རྩོད་གཞི་གཅིག་ཁར་ འབད་དགོཔ་ཅིག་ཨིན་རུང་ ད་ལྟོའི་རྩོད་གཞི་དེ་ བསོད་ནམས་དབང་མོ་གིས་ གཏའ་མའི་ཡིག་ཆ་རྫུས་མ་བཟོ་སྟེ་ བུ་ལོན་ལེན་ཡོདཔ་ལས་ ཐོབ་རྗོད་ཀྱི་ཐད་ཁར་ ཀྲི་དངུལ་ཁང་དང་ མི་གཞན་ཚུ་གིས་ ཐོབ་བརྗོད་འབད་ཐབས་མེདཔ་ལས་ བསོད་ནམས་དབང་མོ་ འཛིན་བཟུང་འབད་དེ་ ལོག་རྒྱལ་ཁབ་ནང་ལྷོདཔ་ད་ ཉེས་རྩོད་སྦེ་རྩོད་བཤེར་འབད་དགོ་པའི་ཁར་ མོ་རའི་རྨགཔ་ ཆོས་སྐྱིད་རྒྱལ་མཚན་གྱིས་ བསོད་ནམས་དབང་མོ་གིས་ ཡིག་ཆ་རྫུས་མ་བཟོཝ་ཨིནམ་ཤེས་རུང་ ཤེས་བཞིན་དུ་ འགན་ལེན་པ་སྦེ་འཛུལ་ཡོདཔ་ལས་ ཁོ་ཡང་ འཕྲལ་མགྱོགས་ར་ འཛིན་བཟུང་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
དངུལ་ཁང་ཚུ་གིས་ གཏའ་མའི་ཡིག་གུ་ཚུ་ བདེན་དཔྱད་འབད་ནིའི་ འགན་ཁུར་དེ་ ཁོང་ལུ་ཕོག་པའི་ཁར་ དེ་བཟུམ་མའི་ བྱ་ངན་འབད་མི་དེ་ ཉེས་རྩོད་ཨིནམ་ལས་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༡༤༦ པ་དང་འཁྲིལ་ བསོད་ནམས་དབང་མོ་ ལོག་རྒྱལ་ཁབ་ནང་ལྷོདཔ་ད་ ཉེས་བཤེར་འབད་ཆོག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
སྒྲིང་ཁྱིམ་དེ་གི་དོན་ལུ་ སྐྱིན་འགྲུལ་བསྡོམས་ཀྱིས་ དངུལ་ཀྲམ་༡༥,༤༤༩,༦༠༧.༣༥ དེ་ཅིག་ཡོད་མིའི་ཐད་ཁར་ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ ད་ཚུན་ བཏབ་མ་ཚུགས་མི་སྐྱེད་དང་ དུས་ཚོད་ཁར་ བཏབ་མ་ཚུགས་མི་ ཏི་རུ་ཚུ་ མི་འཐོབ་ནི་ཨིན་པས།
བསོད་ནམས་ཕུན་ཚོགས་ལུ་ དངུལ་བསྡོམས་༡༧༩,༨༣,༠༠༠ སྤྲོད་དགོ་མིའི་ཐད་ཁར་ བསོད་ནམས་དབང་མོ་གི་ མིང་ཐོ་ཁར་ཡོད་མི་ སྒྲིང་ཁྱིམ་དེ་ རིན་བསྡུར་ཐོག་ལས་བཙོང་སྟེ་ དེའི་ལྷག་ལུས་ སྤྲོད་དགོཔ་ཐོན་མི་དེ་ བསོད་ནམས་དབང་མོ་མོ་ར་ འཛིན་བཟུང་འབད་དེ་ ལོག་རྒྱལ་ཁབ་ནང་ལྷོད་པའི་སྐབས་ དངུལ་སྐྱེད་དང་སྦྲགས་ཏེ་ བཏབ་དགོ་ཟེར་ འཁྲུན་ཆོད་ནང་བཀོདཔ་ད་ དེའི་དོན་ལུ་ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ བསོད་ནམས་དབང་མོའི་ མིང་ཐོ་ཁར་ རྩིས་ཁྲ་ཅིག་ ཕྱེ་བཞག་དགོ་ནི་ཨིན་པས།
རྩོད་བཤེར་དེ་གི་དོན་ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ ད་རེས་འབདཝ་ད་ འཁྲུན་ཆོད་ཐེངས་༣ གནང་ཡོདཔ་ད་ ད་རེས་ཀྱི་དམིགས་བསལ་བསྐྱར་ཞིབ་དེ་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ སྙན་གསན་འབད་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *