འབྲུག་ཨམ་སྲུ་ཀི་རི་ཀེཊ་སྡེ་ཚན་གྱིས་ བཱ་རན་ལས་ རྒྱལ་ཁ་ཐོབ་རུང་ མཐའ་བཅད་ནང་ལྷོད་མི་ཚུགས་ནི།

༉ མ་ལེ་ཤི་ཡ་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ཨེ་ཤི་ཡཱན་ཀི་རི་ཀེཊ་ཚོགས་པའི་ ཨམ་སྲུའི་ཊི་༢༠ རྒྱལ་རྟགས་རྩེད་འགྲན་ནང་ འབྲུག་པའི་ཨམ་སྲུ་ ཀི་རི་ཀེཊ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཏེ་ རྩེད་འགྲན་འབདཝ་ད་ ཁ་ཙ་ བཱ་རན་ཨམ་སྲུ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཅི།

འབྲུག་པའི་སྡེ་ཚན་གྱིས་ ད་ལྟོ་ཚུན་ རྒྱལ་ཁབ་ཀྱི་ཨམ་སྲུ་སྡེ་ཚན་༢ དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ ཕམ་ཡོད་རུང་ མཇུག་གི་རྩེད་འགྲན་ནང་ བཱ་རན་ལས་ རྒྱལ་ཁ་ཐོབ་མི་ལུ་ དཔའ་ཉམས་བསྐྱེད་དགོཔ་བྱུང་ནུག།

འབྲུག་པའི་ཨམ་སྲུ་སྡེ་ཚན་ལས་ བདེ་ཆེན་དབང་མོ་གིས་ བཱོལ་༥༢ ལུ་ རཱན་ཟེར་ ཚར་༦༤ རྒྱུག་ཚུགས་ཡོདཔ་བཞིན་དུ་ སྡེ་ཚན་གྱིས་ རཱན་༡༢༦ ཐོབ་ད་ བཱ་རཱན་ཨམ་སྲུ་སྡེ་ཚན་གྱིས་ རཱན་༦༣ ལས་བརྒལ་ཐོབ་མ་ཚུགསཔ་ལས་ ཕམ་ཡོདཔ་ཨིན་པས།

ཨིན་རུང་ འབྲུག་པའི་སྡེ་ཚན་གྱིས་ ཤུལ་མམ་གྱི་ རྩེད་འགྲན་ཚུ་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་ ཐོབ་མ་ཚུགས་མི་དེ་ ནེ་པཱལ་དང་ ཧོང་ཀོང་ཨམ་སྲུ་སྡེ་ཚན་ལས་ ཕམ་མི་ལུ་བརྟེན་ཨིན་པས།

འབྲུག་པའི་ཨམ་སྲུ་སྡེ་ཚན་གྱིས་ འགྲན་བསྡུར་འབད་ནི་འགོ་བཙུགས་པའི་ཉིནམ་ལས་ སྤྱི་ཟླ་༦ པའི་ཚེས་༢༡ ཚུན་ ནེ་པཱལ་དང་ ཧོང་ཀོང་ དེ་ལས་ ཀུ་ཝེཊ་རྒྱལ་ཁབ་ཀྱི་ ཨམ་སྲུ་སྡེ་ཚན་ལས་ ཕམ་ཡོདཔ་ཨིན་པས།

འབྲུག་པའི་སྡེ་ཚན་གྱིས་ ཀུ་ཝེཊ་རྒྱལ་ཡོངས་ཨམ་སྲུ་སྡེ་ཚན་དང་ རྩེད་འགྲན་འབདཝ་ད་ བཱོལ་༡༢༠ ནང་ རཱནསི་ཟེར་ བང་རྒྱུག་༡༡༢ ཐོབ་ཡོདཔ་ཨིན་རུང་ ཀུ་ཝེཊ་གིས་ རཱན་༡༡༦ ཐོབ་སྟེ་ རྒྱལ་ཁ་ཐོབ་ནུག།

སྤྱི་ཟླ་༦ པའི་ཚེས་༡༨ ལུ་ འབྲུག་གིས་ རཱན་༨༨ བཟོ་བའི་སྐབས་ ཧོང་ཀོང་གིས་ རཱན་༡༠༢ ཐོབ་ཡོདཔ་ད་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ ནེ་པཱལ་སྡོ་ཚན་དང་ དོ་འགྲན་འབདཝ་ད་ འབྲུག་པའི་ཨམ་སྲུ་སྡེ་ཚན་ཕམ་ནུག

འབྲུག་ཀི་རི་ཀེཊ་ཚོགས་པའི་ བཀོད་ཁྱབ་འགོ་དཔོན་ ཌམ་བར་ཨེསི་གུ་རུང་གིས་ སླབ་མིའི་ནང་ སྡེ་ཚན་ལུ་ སྦྱོང་བརྡར་འབད་ནིའི་ དུས་ཚོད་ལེགས་ཤོམ་འཐོབ་པ་ཅིན་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་ཚུགས་ནི་ཨིན་རུང་ སྦྱོང་བརྡར་འབད་ནིའི་དུས་ཚོད་ ཉུང་སུ་ཅིག་ལས་ཐོབ་མ་ཚུགས་མི་གིས་ རེ་བ་བསྐྱེད་དོ་བཟུམ་སྦེ་ རྩེད་འགྲན་འབད་མ་ཚུགས་ཟེར་ཨིན་པས།

དེ་ཡང་ ནད་ཡམས་ཀོ་བིཌ་༡༩ ལུ་བརྟེན་ འགྲུལ་སྐྱོད་བཀག་དམ་འབད་མི་དང་ རྒྱལ་ཁབ་ལས་ རྩེད་འགྲན་པ་དྲག་ཤོས་ཚུ་ འཚོལ་མ་ཐོབ་ཟེར་ཨིན་པས།

ད་རེས་ནངས་པར་ འགོ་འདྲེན་འཐབ་མི་ ཨེ་ཤི་ཡཱན་ཀི་རི་ཀེཊ་ཚོགས་པའི་ རྒྱལ་རྟགས་རྩེད་འགྲན་དེ་ སྤྱི་ལོ་༢༠༢༡ ལུ་ རྒྱལ་སྤྱི་ཀི་རི་ཀེཊ་ཚོགས་པའི་ ཊི་༢༠ ཝོལ་ཀབ་དེ་ ཨེ་ཤི་ཡ་མཐར་འཁྱོལ་རྩེད་འགྲན་གྱི་ཤུལ་ལས་ འགོ་འདྲེན་འཐབ་ཡོདཔ་ད་ ཝོལ་ཀབ་མཐར་འཁྱོལ་རྩེད་འགྲན་དེ་ དཱུ་བའེ་ལུ་སྦེ་ འགོ་འདྲེན་འཐབ་ནུག།

ད་རེས་ཀྱི་ ཨེ་ཤི་ཡཱན་ཀི་རི་ཀེཊ་ཚོགས་པའི་ ཊི་༢༠ རྒྱལ་རྟགས་རྩེད་འགྲན་ནང་ འབྲུག་དང་ ཡུ་ནའེ་ཊེཌ་ ཨ་རབ་ ཨི་མི་རེཌསི་ མ་ལེ་ཤི་ཡ་ ཨོ་མཱེན་ ཀ་ཊར་ ནེ་པཱལ་ ཧོང་ཀོང་ ཀུ་ཝེཊ་ བཱ་རན་ དེ་ལས་ སིངྒ་པུར་རྒྱལ་ཁབ་བརྩིས་ཏེ་ རྒྱལ་ཁབ་༡༠ གྱིས་ བཅའ་མར་གཏོགས་ནུག།

སྡེ་ཚན་དབྱེ་སྡེ་ཀ་པའི་ནང་ ཡུ་ནའེ་ཊེཌ་ ཨ་རབ་ ཨི་མི་རེཌསི་དང་ མ་ལེ་ཤི་ཡ་ ཀ་ཊར་ སིངྒ་པུར་ དེ་ལས་ ཨོ་མཱེན་ཚུ་ཨིནམ་ད་ དབྱེ་སྡེ་ཁ་པའི་ནང་ འབྲུག་དང་ ནེ་པཱལ་ ཧོང་ཀོང་ ཀུ་ཝེཊ་ དེ་ལས་ བཱ་རན་ཚུ་ཨིན་པས།

དབྱེ་སྡེ་ཀ་པ་ལས་ དྲག་ཤོས་ཐོན་མི་སྡེ་ཚན་༢ དང་ ཁ་པ་ལས་ དྲག་ཤོས་ཐོན་མི་སྡེ་ཚན་༢ བརྩིས་ཏེ་ སྡེ་ཚན་༤ གི་བར་ན་ མཐའ་བཅད་འོག་མའི་རྩེད་འགྲན་འབད་ནི་དང་ རྒྱལ་ཁ་འཐོབ་མི་སྡེ་ཚན་༢ མཐའ་བཅད་ཀྱི་རྩེད་འགྲན་འབད་ནི་ཨིན་པས།

ཁ་ཙ་ཚུན་ དབྱེ་སྡེ་ཀ་པ་ལས་ ཡུ་ནའེ་ཊེཌ་ ཨ་རབ་ ཨི་མི་རེཌསི་གིས་ སྐུགས་༥ ཐོབ་སྟེ་ ཨང་དང་པ་ནང་ ལྷོད་ཡོདཔ་ད་ དབྱེ་སྡེ་ཁ་པ་ལས་ ཧོང་ཀོང་གིས་ སྐུགས་༦ ཐོབ་སྟེ་ ཨང་དང་པའི་ནང་ཡོདཔ་ཨིན་པས།

མཐའ་བཅད་ཀྱི་རྩེད་འགྲན་དེ་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ རྒྱལ་རྟགས་ཀྱི་རྩེད་འགྲན་དེ་ ལོ་༩ གི་རྒྱབ་ལས་ ལོག་འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *