འབྲུག་སྨྱོ་རྫས་བཀག་འཛིན་བཀོད་ཚོགས་ཀྱིས་ སྨྱོ་རྫས་ཀྱི་ཐོ་ དུས་མཐུན་བཟོ་ཆོག་ནི།

༉ ཁ་ཙ་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ འཕྲི་སྣོན་དཔྱད་ཡིག་༢༠༡༥ ཅན་མའི་ དོན་ཚན་༥༩ པ་དེ་ འཕྲི་སྣོན་གནངམ་དང་འབྲེལ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ལུ་ བཀག་དམ་ཅན་གྱི་ སྨྱོས་རྫས་ཀྱི་ཐོ་ཚུ་ དུས་མཐུན་བཟོ་ནི་གི་ དབང་ཚད་གནང་ཡི།
དེ་ཡང་ དོན་ཚན་༥༩ པ་ འཕྲི་སྣོན་འབད་མིའི་ནང་ བཀོདཚོགས་ཀྱིས་ ཟུར་དེབ་གཅིག་ ཡང་ཅིན་ ཟུར་དེབ་ཡོངས་རྫོགས་ཀྱི་ ཐོ་ནང་རྫས་རིགས་ཚུ་ ཁ་སྐོང་བཀོད་ནི་དང་ བཏོན་གཏང་ནི་བརྩིས་ཏེ་ ཟུར་དེབ་ཚུ་ འཕྲི་སྣོན་འབད་ནི་དང་ ཡང་ཅིན་ རྫས་རིགས་གང་རུང་ལོག་སྤྱོད་དམ་ ནག་ཚོང་འཐབ་ཡོད་པའི་ གྲངས་སུ་བརྩིས་མི་ཚུ་ དེའི་འོག་ལུ་ གཞི་བཙུགས་འབད་ཡོད་པའི་ ཁྱད་རིག་གྲོས་སྟོན་ཚོགས་ཆུང་གི་ཐོག་ ཚད་གཞི་བཟོ་ཆོག་ཟེར་བཀོད་ནུག།
འབྲུག་སྨྱོ་རྫས་ཀྱི་ འཕྲི་སྣོན་དཔྱད་ཡིག་༢༠༡༥ ཅན་མའི་ དོན་ཚན་༥༩ པའི་ནང་ སྤྱི་ཚོགས་ཀྱིས་ ཟུར་དེབ་གཅིག་ ཡང་ཅིན་ ཟུར་དེབ་ཡོངས་རྫོགས་ཀྱི་ ཐོ་ནང་རྫས་རིགས་ཚུ་ ཁ་སྐོང་བཀོད་ནི་དང་ བཏོན་གཏང་ནི་བརྩིས་ཏེ་ ཟུར་དེབ་ཚུ་ འཕྲི་སྣོན་འབད་ནི་ ཡང་ཅིན་ རྫས་རིགས་གང་རུ་ ལོག་སྤྱོད་དམ་ ནག་ཚོང་འཐབ་ཡོད་པའི་ གྲངས་སུ་བརྩིས་མི་ཚུ་ ཚད་གཞི་བཟོ་དགོ་ཟེར་བཀོད་ནུག།
རྒྱལ་ཡོངས་ཚོགས་འདུའི་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ རི་ཏུ་རཱཇ་ ཆེ་ཏི་རི་གིས་ ཆ་འཇོག་གི་དོན་ལུ་ གྲོས་འདེབས་ཚུ་ ཕུལ་བའི་ཤུལ་ལས་ འཐུས་མི་ཚུ་གི་བར་ན་ ལགཔ་འཐུ་ཐོག་ལས་ གདམ་ཁ་ཅན་གྱི་ གྲོས་འདེབས་དེ་ གྲོས་ཐག་བཅད་ཅི།
ཚོགས་ཆུང་གིས་ གྲོས་འདེབས་ཕུལ་མི་ཚུ་གུ་ འཐུས་མི་༢༥ ལྷགཔ་ཅིག་གིས་ གྲོས་འཆར་བའི་ཤུལ་ལས་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ ཐག་བཏོག་ནིའི་དོན་ལུ་ གདམ་ཁ་༣ གནང་ཡི།
འཐུས་མི་ཚུ་གིས་ གྲོས་འདེབས་གཞན་གཉིས་ཕུལ་མི་དེ་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་ དུས་མཐུན་བཟོ་ཐོག་ལས་ ཟུར་དེབ་ནང་ བཀོད་ནི་གི་ དབང་ཚད་དེ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་རྐྱངམ་གཅིག་ལུ་ བཞག་ནི་དང་ ཡང་ཅིན་ དབང་འཛིན་གྱི་ བཀོད་ཚོགས་ཀྱིས་ སྤྱི་ཚོགས་དང་གཅིག་ཁར་ གྲོས་བསྟུན་ཐོག་ དུས་མཐུན་བཟོ་ནི་དེ་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༦ ལུ མངོན་མཐོ་ཁྲིམས་འདུན་གྱིས་ རྙོགས་འཛིན་ཅན་གྱི་སྨྱོ་རྫས་ ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་དེ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ དགོས་མཁོ་དང་འཁྲིལ་ དུས་མཐུན་བཟོ་དགོ་པའི་ བཀའ་རྒྱ་གནང་མི་ལུ་བརྟེན་ སྤྱི་ཚོགས་ཀྱིས་ འཕྲལ་མཁོ་ཅན་གྱི་ དཔྱད་ཡིག་སྦེ་ འཕྲི་སྣོན་འབད་ནི་ལུ་ བཙུགས་ཡོདཔ་ཨིན་པས།
ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་དང་འབྲེལ་བའི་ ཉེས་འཛུགས་ཚུ་ འབྲུག་གི་སྨན་གྱི་བཅའ་ཁྲིམས་༢༠༠༣ ཅན་མའི་དོན་ཚན་༢༩ པའི་ ཇ་པ་དང་འཁྲིལ་ འབད་དགོཔ་ཨིན་རུང་ སྨྱོ་རྫས་ནང་ཡོད་མི་སྨན་ ཊ་མ་ཌོལ་ཟེར་མི་དེ་ སྨྱོ་རྫས་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མའི་ ཟུར་དེབ་ནང་ མ་བཀོད་ནི་དེ་གིས་ཨིན་པས།
ཨིན་རུང་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུལ་ཆོད་ནང་ སྤྱི་ཚོགས་ཀྱིས་ སོ་སོར་སྦེ་ བསྒྱུར་བཅོས་མ་གནང་ཚུན་ འབྲེལ་ཡོད་དབང་འཛིན་དང་ ཁྲིམས་འདུན་ཚུ་གིས་ འཁྲུན་ཆོད་དེ་ལུ་ གཞི་བཞག་ཐོག་ལས་ བསྟར་སྤྱོད་འབད་དགོ་ཟེར་བཀོད་ནུག།
ད་རུང་ སྨྱོ་རྫས་ཀྱི་ བཅའ་ཁྲིམས་དེ་ འཕྲི་སྣོན་འབད་བའི་སྐབས་ ནོར་བ་སྦོམ་བཟོ་ནུག་ཟེར་ འཁྲུན་ཆོད་ནང་ བཀོད་ཡོདཔ་མ་ཚད་ མ་གཞི་ མངོན་མཐོ་ཁྲིམས་འདུན་གྱི་ ཁ་ཐུག་ལས་ སྨྱོ་རྫས་ཨིསི་པི་པ་ལཱསི་དེ་ སྨྱོ་རྫས་བཅའ་ཁྲིམས་ཀྱི་ ཟུར་དེབ་ནང་ གསལ་བཀོད་འབད་འབདཝ་མེདཔ་ལས་ སྤྱི་ཚོགས་ཀྱིས་ བཅའ་ཁྲིམས་འཕྲི་སྣོན་མ་འབད་ཚུན་ཚོད་ འཁྲུན་ཆོད་དང་འཁྲིལ་ བཀག་དམ་གྱི་ སྨྱོ་རྫས་གཞན་ཚུ་བཟུམ་སྦེ་ར་ བརྩི་འཇོག་འབད་དེ་ ཉེས་ལས་འཐབ་མི་ཚུ་ལུ་ ཉེས་ཁྲིམས་བཀལ་དགོཔ་སྦེ་ བཀོད་ཡོད་རུང་ ཉེས་ཁྲིམས་ཕོག་མི་༤༥༤ ལུ་ ཁྲིམས་འཐུས་བཏབ་ཆོག་པའི་ བཀའ་གནང་མི་དེ་ རྩ་ཁྲིམས་ཆེན་མོ་དང་ ཉེས་འགེལ་ཁྲིམས་དེབ་ཚུ་ལས་ འགལ་ནུག་ཟེར་ཨིན་པས།
ད་རེས་ འབྲུག་གི་སྨྱོ་རྫས་དཔྱད་ཡིག་༢༠༠༥ ཅན་ འཕྲི་སྣོན་འབད་དགོཔ་མི་དེ་ གཙོ་བོ་ར་ ཁྲོམ་ནང་ལས་ཕར་ བཅའ་ཁྲིམས་ནང་ མ་ཚུད་མི་ བཀག་དམ་ཅན་གྱི་ སྨྱོ་རྫས་གསརཔ་ ཐོན་མི་ལུ་བརྟེན་ཨིན་པས།
འཕྲལ་མཁོ་ཅན་གྱི་ དཔྱད་ཡིག་དེཡང་ ཆ་འཇོག་གི་དོན་ལུ་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་བསྡུར་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *