འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་ ཆ་འཇོག།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་ འཕྲི་སྣོན་དཔྱད་ཡིག་༢༠༡༧ ཅན་མའི་ དོན་ཚན་༡༦ འཕྲི་སྣོན་འབད་ཐོག་ལས་ ཆ་འཇོག་གྲུབ་ཅི།
དེ་ཡང་ འཐུས་མི་༢༠ གིས་ འཕྲི་སྣོན་དཔྱད་ཡིག་དེ་ལུ་ ངོས་ལེན་འབད་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ ཚོགས་སྡའི་ཁྲི་འཛིན་ བསོད་ནམས་ཀུན་དགའ་གིས་ ཚོགས་སྡེའི་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་ལུ་ དཔྱད་ཡིག་དེ་ ནང་འཁོད་ཞལ་འཛོམས་ནང་ ཐག་བཅད་འབད་བའི་ཤུལ་ལས་ ཆ་འཇོག་གྲུབ་ཅི།
རྒྱལ་ཡོངས་ཚོགས་སྡེ་གིས་ འདས་པའི་བདུན་ཕྲག་ནང་ རྒྱལ་ཡོངས་འདུ་གི་ འཕྲི་སྣོན་འབད་ཡོད་པའི་དཔྱད་ཡིག་དོན་ཚན་༥༩ དང་ ཟུར་དེབ་༣ པའི་ནང་ སྨྱོ་རྫས་ཊ་མ་ཌོལ་ དོན་ཚན་༢ ལུ་ ངོས་ལེན་འབད་ནུག།
དཔྱད་ཡིག་དོན་ཚན་ད༥༩ པ་ ཆ་འཇོག་གྲུབ་མི་དང་འཁྲིལཝ་ད་ བཀོད་ཚོགས་ཀྱིས་ ཟུར་དེབ་ཅིག་ ཡང་ཅིན་ ཟུར་དེབ་ཡོངས་རྫོགས་ཀྱི་ ཐོ་ནང་རྫས་རིགས་ཚུ་ ཁ་སྐོང་བཀོད་ནི་དང་ བཏོན་གཏང་ནི་བརྩིས་ཏེ་ ཟུར་དེབ་ཚུ་ འཕྲི་སྣོན་འབད་ནི་ ཡང་ཅིན་ རྫས་རིགས་གང་རུང་ ལོག་སྤྱོད་དམ་ ནག་ཚོང་འཐབ་ཡོད་པའི་ གྲངས་སུ་རྩིས་མི་ཚུ་ དེའི་འོག་ལུ་ གཞི་བཙུགས་འབད་ཡོད་པའི་ ཁྱད་རིག་གྲོས་སྟོན་ ཚོགས་ཆུང་གི་གྲོས་འདེབས་ཐོག་ ཚད་གཞི་བཟོ་དགོ་ཆོག་ཟེར་ཨིན་པས།
གཏན་འཇགས་ཀྱི་ཚོགས་ཁང་གིས་ ཞིབ་འཚོལ་ཅིག་འབད་བའི་སྐབས་ ད་རེས་ནངས་པར་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ བཀོད་ཚོགས་ཀྱི་འཐུས་མི་ཚུ་ཡང་ དགོངས་ཞུ་འབད་རུང་ ལོག་གསརཔ་བཙུགས་མ་འབད་བའི་ཁར་ བཀོད་ཚོགས་ཀྱི་ ཞལ་འཛོམས་ཡང་ བཅའ་ཁྲིམས་དང་འཁྲིལ་ཏེ་ འཚོགས་ནི་མེད་མི་ལུ་བརྟེན་ འཐུས་མི་ཚུ་ ངོས་འཛིན་འབད་ནི་ལུ་ གྲོས་ཐག་བཅད་ནུག།
དེ་ཡང་ བཀོད་ཚོགས་ཀྱི་ འཐུས་མི་ཚུ་ཡང་ གཞུང་གིས་ བཀོད་ཚོགས་ཀྱི་ཁྲི་འཛིན་དེ་ གསོ་བའི་བློན་པོ་དང་ འཐུས་མི་ཚུ་ཡང་ ནང་སྲིད་དང་སྲོལ་འཛིན་ལྷག་གི་ དྲུང་ཆེན་དང་ ཤེས་རིག་ལྷན་ཁག་གི་ དྲུང་ཆེན་ ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱི་ འགོ་འཛིན་ དེ་ལས་ ཚོང་འབྲེལ་ལས་ཁུངས་ཀྱི་ འགོ་འཛིན་ཚུ་ བསྐོ་བཞག་འབད་དགོ་ཟེར་ཨིན་པས།
དེ་མ་ཚད་ འབྲེལ་ཡོད་མི་སྡེ་ལས་ཚོགས་ལས་ མི་སྡེ་ལས་ཚོགས་དབང་འཛིན་གྱིས་ གདམ་འཐུ་འབད་ཡོད་པའི་ འགོ་འཛིན་༢ དང་ སྨན་རིག་རྒྱུན་བཀོད་དབང་འཛིན་གྱི་འགོ་འཛིན་ དེ་ལས་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ཚུ་ འཐུས་མི་སྦེ་ བསྐོ་བཞག་གནང་དགོ་ཟེར་ཨིན་པས།
དཔྱད་ཡིག་དོན་ཚན་༥༦ ནང་ བཀོད་ཚོགས་ཀྱི་འཐུས་མི་ཚུ་གི་ ས་སྟོང་འཐོན་པ་ཅིན་ ས་སྟོང་བསུབ་ནིའི་དོན་ལུ་ གཞུང་གིས་ མི་ངོམ་གཞན་ཅིག་ བསྐོ་བཞག་འབད་དགོ་ཟེར་ཡོད་མི་དེ་ ད་རེས་ རྒྱལ་ཡོངས་ཚོགས་སྡེ་གིས་ བཀོད་ཚོགས་ཀྱི་ འཐུས་མི་ཚུ་ ས་སྟོང་འཐོན་པ་ཅིན་ ལཱ་འབད་བའི་ ཉིན་གྲངས་༣༠ གི་ནང་འཁོད་ལུ་ བསྐོ་བཞག་འབད་དགོ་ཟེར་ བསྐྱར་བཟོ་འབད་ནུག།
ཚོགས་སྡེ་གིས་ དཔྱད་ཡིག་དོན་ཚན་༤ པའི་ནང་ དོན་ཚན་གསརཔ་ ཆ་འཇོག་གྲུབ་མིའི་ནང་ བཅའ་ཁྲིམས་དེའི་ ཟུར་དེབ་༡ པ་ལས་༦ པའི་འོག་ལུ་ ཐོ་བཀོད་འགྲུབ་ནིའི་སྨྱོ་རྫས་ ཡང་ཅིན་ རྫས་རིགས་ཀྱི་གནས་སྟངས་དང་ ནུས་པ་ སྡེ་ཚན་ ཡང་ཅིན་ རྫས་རིགས་གཅིག་པའི་ བྱ་རིགས་རེ་འཐོན་ཚེ་ བཅའ་ཁྲིམས་དེ་ ཚད་འཛིན་ཡོད་པའི་ སྨྱོ་རྫས་ ཡང་ཅིན་ རྫས་རིགས་ཨིནམ་སྦེ་ བརྩི་དགོ་ཟེར་འཕྲི་སྣོན་འབད་ནུག།
དེ་ལས་ དཔྱད་ཡིག་དོན་ཚན་༤༧ གྱི་ནང་ བཅའ་ཁྲིམས་དེའི་ དོན་ཚན་༡༥༢ པ་དང་འཁྲིལ་ཏེ་ ཉེས་འཛུགས་ཕོག་པ་ཅིན་ བཅའ་ཡིག་དང་ སྒྲིག་གཞིའི་དགོངས་དོན་དང་འཁྲིལ་ཏེ་ ཉེས་སྤྱོད་གདོང་ལེན་གྱི་ བརྟག་ཞིབ་ཚོགས་ཆུང་གི་ བྱ་རིམ་མ་ཚར་ཚུན་ཚོད་ དབང་འཛིན་ཅན་གྱི་འགོ་དཔོན་ ཡང་ཅིན་ ཁྲིམས་བསྟར་སྤྱོད་འབད་འབད་བའི་ལས་སྡེའི་ དོ་དམ་འོག་ལུ་སྡོད་དགོ་ཟེར་ དོན་ཚན་ཡན་ལག་གསརཔ་ཅིག་ འཕྲི་སྣོན་འབད་ནུག།
ཁྲིམས་བསྐྱར་ཞིབ་ཚོགས་ཁང་གིས་ དཔྱད་ཡིག་དོན་ཚན་༥༩ པའི་ནང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ བཀོད་ཚོགས་ཀྱིས་ ཟུར་དེབ་ཚུ་ དུས་དང་དུས་སུ་བསྐྱར་བཟོ་ ཡང་ཅིན་ དུས་མཐུན་བཟོ་ཡོད་མི་ཚུ་ སྤྱི་ཚོགས་ལུ་ སྙན་ཞུ་ཕུལ་དགོ་ཟེར་ དོན་ཚན་གསརཔ་ཅིག་ བཙུགས་ཏེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དཔྱད་ཡིག་དོན་ཚན་༨༣ པའི་ནང་ ཨམ་སྲུ་ཚུ་གི་ བཙན་འཚོལ་འབད་བའི་སྐབས་ ཕོ་སྐྱེས་ཚུ་གིས་ཡང འབད་ཆོགཔ་སྦེ་ཡོད་མི་དེ་ ད་རེས་ བཅའ་ཁྲིམས་དེའི་ཐོག་ལུ་ ཨམ་སྲུ་ཅིག་གི་གཟུགས་ཀྱི་ བཙན་འཚོལ་འབད་བ་ཅིན་ ཨམ་སྲུ་ཅིག་གིས་འབད་དགོ་ཟེར་ བསྐྱར་བཟོ་འབད་དེ་འདུག།
དཔྱད་ཡིག་དེ་ཡང་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༦ ལུ མངོན་མཐོ་ཁྲིམས་འདུན་གྱིས་ སྨྱོ་རྫས་ཨིསི་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་དེ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ དགོས་མཁོ་དང་འཁྲིལ་ དུས་མཐུན་བཟོ་དགོ་པའི་ བཀའ་རྒྱ་གནང་མི་ལུ་བརྟེན་ སྤྱི་ཚོགས་ཀྱིས་ འཕྲལ་མཁོ་ཅན་གྱི་ དཔྱད་ཡིག་སྦེ་ འཕྲི་སྣོན་འབད་ནི་ལུ་བཙུགས་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *