འབྲུག་སྤྱིར་དབང་ཚོགས་པའི་ འཐུས་མི་ཚུ་གིས་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ གནས་ཚུལ་ཞལ་འཛོམས་ འཚོགས་པའི་བསྒང་།

འབྲུག་སྤྱིར་དབང་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པ་དང་གཅིག་ཁར་ མཉམ་བསྡེབས་འབད་ཡོདཔ།

འབྲུག་སྤྱིར་དབང་ཚོགས་པ་ ཆ་མེད་སོང་མི་དེ་ གནད་དོན་ལེ་ཤ་ཡོད་མིའི་གྲས་ལས་ ངོ་མ་དེ་ར་ རྩ་ཁྲིམས་ཅན་གྱི་དམངས་གཙོའི་སྤྱི་ཚོགས་༣ པའི་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ མ་དངུལ་མེད་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ཨིན་པས།

སྤྱི་ཟླ་༢ པའི་ཚས་༢༨ ལུ་ འབྲུག་སྤྱིར་དབང་ཚོགས་པ་གིས་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཅིག་འཚོགས་པའི་སྐབས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ སྤྱི་ཚོགས་༣ པའི་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ རྒྱལ་ཁམས་ལས་ མ་དངུལ་གྱི་ རྒྱབ་སྐྱོར་མེད་ནི་དེ་གིས་ ཚོགས་པ་དེ་ ཆ་མེད་གཏང་དགོཔ་ ཐོན་ཡི་ཟེར་ཨིན་པས།

ཚོགས་པ་དེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ ཐོ་བཀོད་ཆ་མེད་བཏང་ཡོདཔ་ད་ ཚོགས་པའི་གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ ཚོགས་པའི་འཐུས་མི་ཚུ་ ཉམ་ཆུང་འབདཝ་ལས་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ མ་དངུལ་ཐོན་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།

དེ་མ་ཚད་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཡང་ མི་ཕྱུགཔོ་དང་ འབྱོར་པ་ཅན་མེད་པའི་ཁར་ མི་ཚུ་ལས་འཐུས་མི་ འཛུལ་ཞུགས་ཀྱི་འཐུས་སྦེ་ བསྡུ་ལེན་འབད་མི་དེ་ཡང་ དུམ་གྲ་ཅིག་ལས་བརྒལ་མེད་ནི་དེ་གིས་ ཚོགས་པ་རྒྱུན་སྐྱོང་འཐབ་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ ཆ་མེད་བཏང་དགོཔ་ཐོན་ཡི་ཟེར་ཨིན་པས།

ཚོགས་པ་ཆ་མེད་སོང་མི་ གནད་དོན་ངོ་མ་ཅིག་ སྤྱི་ལོ་༢༠༡༣ ལུ་ སྤྱི་ཚོགས་༢ པའི་ བཙག་འཐུ་འབད་བའི་སྐབས་ འབྲུག་སྤྱིར་དབང་ཚོགས་པ་གིས་ འགོ་ཐོག་གི་བཙག་འཐུ་ནང་ ཡོངས་བསྡོམས་ཚོགས་རྒྱན་བརྒྱ་ཆ་༡༠ ལས་བརྒལ་ ཐོབ་མ་ཚུགས་ནི་དེ་གིས་ཨིནམ་ད་ དེ་ཡང་ བཙག་འཐུའི་ཁྲིམས་ལུགས་དང་འཁྲིལ་བ་ཅིན་ སྲིད་དོན་ཚོགས་པ་གང་རུང་ཅིག་གིས་ བཙག་འཐུ་ནང་ ཚོགས་རྒྱན་བརྒྱ་ཆ་༡༠ འཐོབ་དགོཔ་ཨིན་པས།

སྤྱི་ལོ་༢༠༡༣ གྱི་ འགོ་ཐོག་བཙག་འཐུ་ནང་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་ དེ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ བཅའ་མར་གཏོགས་པའི་སྐབས་ ཚོགས་རྒྱན་བསྡོམས་༤༠༠,༠༠༠ བཙུགས་ས་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་བརྒྱ་ཆ་༡༠ ལས་ ཐོབ་མ་ཚུགས་པས།

བཙག་འཐུའི་ཁྲིམས་ལུགས་དང་འཁྲིལ་བ་ཅིན་ བཙག་འཐུའི་སྐབས་ ཚོགས་རྒྱན་ཡོངས་བསྡོམས་ལས་ བརྒྱ་ཆ་༡༠ ཐོབ་མ་ཚུགས་པ་ཅིན་ ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་པའི་སྐབས་ ཟད་འགྲོ་དེ་ ཚོགས་པ་ཁོང་ར་གིས་ གཏང་དགོཔ་སྦེ་ཨིནམ་ལས་ ད་རེས་ ཚོགས་པ་ལུ་ ཟད་འགྲོ་གཏང་ནིའི་ འོས་འབབ་མེདཔ་ཨིན་པས།

ཨིན་རུང་ འབྲུག་སྤྱིར་དབང་ཚོགས་པའི་ གཙོ་འཛིན་བགྲེསཔ་ ལི་ལི་དབང་ཕྱུག་གིས་ སླབ་མིའི་ནང་ ཚོགས་པ་དེ་ འབྲུག་ཕུན་སུམ་ཚོགས་པ་དང་གཅིག་ཁར་ མཉམ་བསྡོམས་འབད་དོ་ཟེར་ཨིནམ་ད་ མོ་གིས་ ད་ལས་ཕར་ འབྲུག་ཕུན་སུམ་ཚོགས་པའི་ བྱང་ཐིམ་ཕུག་གི་འཐུས་མི་སྦེ་ བཅའ་མར་གཏོགས་ནི་ཨིན་པས།

མ་གཞི་ ཚོགས་པ་དེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཆ་མེད་བཏང་པའི་ཤུལ་ལས་ ཚོགས་པ་མེད་པའི་གྲངས་སུ་ཨིན་རུང་ ལི་ལི་དབང་ཕྱུག་གིས་འབད་བ་ཅིན་ ཚོགས་པ་དེ་ ད་ལྟོ་ཡོདཔ་སྦེ་ར་ ཧོ་གོ་དགོཔ་དེ་ཡང་ མངོན་མཐོ་ཁྲིམས་འདུན་ལས་ ཆ་མེད་ཨིན་པའི་ངོས་ལེན་མ་མཛད་ཚུན་ ཆ་མེད་ངོ་མ་མེན་ཟེར་ཨིན་པས།

ལི་ལི་དབང་ཕྱུག་གིས་ སླབ་མིའི་ནང་ འདས་པའི་ཟླཝ་༦ དེ་ཅིག་གི་ནང་འཁོད་ལུ་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་ གང་རུང་དང་གཅིག་ཁར་ མཉམ་བསྡོམས་འབད་ནིའི་ འཆར་གཞི་བརྩམ་པའི་སྐབས་ ཚོགས་པ་༢ ཆ་ར་གིས་ ངོས་ལེན་ཡོད་མི་དེ་ ཤུལ་ལས་ མོ་ར་འཐུས་མི་སྦེ་ འཛུལ་ནི་ཨིན་ཟེར་སླབ་རུང་ མཛུལ་མ་བཅུག་ཟེར་ཨིན་པས།

ད་རེས་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་སྦེ་ བཅའ་མར་གཏོགས་དགོ་མི་དེ་ཡང་ འབྲུག་མཉམ་རུབ་ཚོགས་པ་གིས་ གོ་སྐབས་མ་བྱིན་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ཨིན་རུང་ ད་རེས་ འབྲུག་ཕུན་སུམ་ཚོགས་པ་གིས་ མོ་ལུ་འཐུས་མི་སྦེ་ འཛུལ་ནིའི་གོ་སྐབས་བྱིན་མི་དེ་གིས་ འབྲུག་སྤྱིར་དབང་ཚོགས་པའི་ལྟ་བ་དང་ དམིགས་གཏད་ཚུ་ ད་ལས་ཕར་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་ཚུགས་པའི་ གོ་སྐབས་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།

མོ་རའི་ ཧོངས་ལས་འབད་བ་ཅིན་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ བློན་པོ་ཅིག་འབད་ནིའི་ མནོ་བསམ་ཡོད་རུང་ འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ ད་ལྟོ་ དེའི་སྐོར་ལས་ ལོ་རྒྱུས་ག་ནི་ཡང་མེད་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *