འབྲུག་ཤར་ཕྱོགས་ལུ་ ཨོལ་ལྐོག་བཏོག་མིའི་ འཐོར་གཏམ་ཁྱབ་སྤེལ།

འཕྲལ་ཁམས་ཅིག་ཁར་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་༢ ནང་ ཚང་ལ་ཁ་སྐད་ནང་ ཡོངས་གྲགས་ལུ་ ཁེག་པ་ཟེར་སླབ་མི་ མིའི་ཨོལ་ལྐོག་བཏོག་མི་ཚུ་ ཐོན་ཡོད་པའི་ འཐོར་གཏམ་བཤད་མི་དེ་ ད་རིས་འབདཝ་ད་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ ཁྱབ་སྤེལ་སོང་ཡོདཔ་ཨིན་པས།

ད་རེས་ནངས་པར་ བཀྲིས་སྒང་ཁྲོམ་ནང་ ཚོང་ཁང་མང་ཤོས་ར་ ཕྱི་རུའི་ཆུ་ཚོད་༧ ལས་ སྒོ་བསྡམ་དོ་ཡོདཔ་ལས་ ཁྲོམ་སྟོང་ཧང་ཧ་སྦེ་ མཐོངམ་ཨིན་པས།

ཚོང་ཁང་གི་ཕྱི་ཁར་ མི་སྡེ་ཚན་ཅིག་ ཁེག་པ་ཅིག་ རྫོང་ཁག་དེ་གི་ ཉེ་འདབས་ལུ་ ལྷོད་དེ་ཡོད་པའི་སྐོར་ བློའོ་སླབ་སྡོད་ནུག།

འདས་པའི་རེས་གཟའ་པ་སངས་ལས་ཚུར་ ཁྲོམ་དེ་ནང་ གྱོན་ཆས་གནགཔོ་གྱོན་མི་ ཕོ་སྐྱེས་༣ མི་གི་མགུ་ཏོ་འཚོལ་བར་ ལྷོད་ཡོད་པའི་ འཐོར་གཏམ་བཤད་ནི་ འགོ་བཙུགས་ཡོདཔ་ད་ དེ་ཡང་ མི་ངོ་མ་ཤེས་མི་གཉིས་ སྣུམ་འཁོར་བོ་ལི་རོ་ཅིག་ནང་ ཕར་ཚུར་འགྱོ་བའི་སྐོར་ མི་སྡེའི་བརྡ་བརྒྱུད་ནང་ ལོ་རྒྱུས་ཁྱབ་སྤེལ་འབད་བའི་ཤུལ་ལུ་ འཐོར་གཏམ་དར་ཁྱབ་སོང་ཡོདཔ་ཨིན་པས།

དམག་མི་བགྲེསཔ་ཅིག་གིས་ སླབ་མིའི་ནང་ མིའི་ཨོལ་ལྐོག་བཏོག་མི་ ལྷོད་ནུག་ཟེར་ སླབ་མི་དེ་ འཐོར་གཏམ་ཨིན་ན་ ཡང་ཅིན་ བཅོས་མའི་གཏམ་ཨིན་ན་ ཡང་ཅིན་ ངེས་བདེན་འོང་སྲིད་ནི་ཨིན་རུང་ ག་གིས་ཡང་ ཏན་ཏན་སྦེ་ མི་ཤེས་པས་ཟེར་ཨིནམ་ད་ ཁོ་ར་ ཨ་ལོ་ཆུང་ཀུ་སྦེ་ སྡོད་པའི་སྐབས་ལས་ར་ མི་ལྟས་ངན་ཚུ་གིས་ ཨ་ལོའི་མགུ་ཏོ་དགོ་ནིའི་དོན་ལུ་ ཨ་ལོ་བཙན་ཁྲིད་འབད་བའི་ ལོ་རྒྱུས་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།

འབྲུག་མི་༡ དང་ ཕྱི་མི་༢ འབདཝ་ད་ ཁེག་པ་ཕོ་སྐྱེས་༣ གཡུས་ཚན་ནང་ ལྷོད་ཡོད་པའི་སྐོར་ བཀྲིས་གཡང་རྩེ་ ཁམས་དྭངས་རྒེད་འོག་གི་ཚོགས་པ་ རྡོ་རྗེ་དབང་འདུས་ཀྱིས་ སྒྲ་སྐད་ཐོག་གི་ བརྡ་འཕྲིན་ཅིག་ ཝི་ཅཱཌི་སྡེ་ཚན་ནང་ བཙུགས་པའི་ཤུལ་ལས་ ཁྱབ་སྤེལ་སོང་ནུག།

ང་གིས་ བརྡ་འཕྲིན་སྤེལ་མི་དེ་ མི་སེར་ཚུ་ལུ་ འདྲོག་བྱེལ་དང་ ཡང་ཅིན་ སྤྱགས་སྡུག་འཐབ་བཅུག་ནིའི་དོན་ལུ་མེན་པར་ མི་སེར་ཚུ་ དྲནམ་བཏོན་ནི་དང་ རྒེད་འོག་ནང་ ཨ་ལོ་ཚུ་གི་ ཉེན་སྲུང་ལུ་དམིགས་ཏེ་ཨིན་ཟེར་ ཚོགས་པ་རྡོ་རྗེ་དབང་འདུས་ཀྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤྱི་ཟླ་༥ པའི་ཚེས་༢ ལུ་ ཨམ་སྲུ་ཅིག་ དོག་གསུམ་ལས་ བཙན་མཁར་ལ་ཁ་ཐུག་ འགྱོ་བའི་སྐབས་ ཨོལ་ལྐོག་བཏོག་མི་ཨིན་པའི་ དོགས་པ་ཡོད་མི་ ཕོ་སྐྱེས་༢ དང་ གདོང་ཐུག་རྐྱབ་པའི་ཤུལ་ལུ་ ཁེག་པའི་འཐོར་གཏམ་དེ་ ངེས་བདེན་ཨིན་པའི་ ཡིད་ཆེས་བྱུང་ཡི་ཟེར་ཨིན་པས།

བྱུང་རྐྱེན་གྱི་ཤུལ་ལས་ བཀྲིས་གཡང་རྩེ་ལུ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ཡོདཔ་ད་ ལོ་རྒྱུས་དང་འཁྲིལཝ་ད་ ཨམ་སྲུ་ཅིག་གིས་ ཁམས་དྭངས་ཤུ་ ཁེག་པ་དང་ཕྱད་ཡོདཔ་སྦེ་ སླབ་མི་དེ་ མི་བདེན་ནི་བཟུམ་འདུག་ཟེར་ཨིན་པས།

བཀྲིས་སྒང་གི་རྫོང་བདག་ ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཨོལ་ལྐོག་བཏོག་མི་ཚུ་ ལྷོད་ཡོད་པའི་སྐོར་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་ག་ནི་ཡང་ མ་ཐོབ་ཟེར་ཨིནམ་ད་ ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ དྲི་བལྟ་བའི་སྐབས་ འདི་བཟུམ་མའི་ ལོ་རྒྱུས་ག་ནི་ཡང་ མ་གོ་བས་ཟེར་ བཤདཔ་ཨིན་པས།

སྐྱེས་ལོ་༧༠ ལང་མི་ དཀར་ཅུང་གིས་ སླབ་མིའི་ནང་ ཨོལ་ལྐོག་བཏོག་མི་ཚུ་གི་ ལོ་རྒྱུས་དེ་ དང་ཕུ་ལས་ར་ བཤད་ནི་ཡོད་མི་དེ་ཡང་ ཨ་ལོ་ཚུ་ འདྲོག་བཅུག་སྟེ་ ཁྱིམ་ནང་ན་ སྡོད་བཅུག་ཐབས་ལུ་ཨིནམ་ད་ ཁོ་ར་ ཆུང་ཀུ་སྦེ་སྡོདཔ་ད་ ཕམ་ཚུ་གིས་ ཁེག་པའི་ལོ་རྒྱུས་སླབ་ནི་ཡོདཔ་ལས་ ད་རེས་ ཁེག་པ་ཐད་རི་བ་རི་ ལྷོད་དེ་ཡོདཔ་ཨིན་ན་ སླབ་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁེག་པ་ཚུ་གིས་ མི་དང་ དམིགས་བསལ་དུ་ ཨ་ལོ་ཚུ་གི་ ཨོལ་ལྐོག་བཏོག་ཞིནམ་ལས་ མགུ་ཏོ་ཚུ་ ཟམ་རྐྱབ་ས་དང་ གློག་མེ་འཕྲུལ་ཁང་གྱི་ བཟོ་སྐྲུན་ས་ཁོངས་ཚུ་ནང་ བཙུགས་ནི་ཡོདཔ་སྦེ་ ལོ་རྒྱུས་སླབ་སྲོལ་འདུག་ཟེར་ཨིནམ་ད་ དེ་སྦེ་བཙུགས་དགོ་མི་དེ་ཡང་ གཞི་རྟེན་ཁང་ཚུ་ལུ་ རྐྱེན་ངན་ཚུ་ལས་ ཉེན་སྐྱོབ་འབད་ཐབས་ལུ་ གནས་བདག་གཞིས་བདག་ཚུ་ལུ་ཕུལ་བའི་ ཚུལ་བཟུམ་ཅིག་ཨིནམ་སྦེ་ ཆ་བཞག་ནི་འདུག་ཟེར་ཨིན་པས།

ཨོལ་ལྐོག་བཏོག་མི་ཚུ་ བཅོས་མའི་གཏམ་ཨིནམ་ལས་ བདེན་འཛིན་རེ་ནི་མི་འོང་ཟེར་ བཟོ་རིག་འགོ་དཔོན་ཅིག་གིས་ བཤད་པའི་ཁར་ ཧེ་མ་ ཀུར་རི་ཆུ་དང་ ཆུ་ཁའི་ཆུ་རྫིང་བཟོ་སྐྲུན་འབད་བའི་སྐབས་ ཁེག་པ་ཐོན་ཡོད་པའི་སྐོར་ འཐོར་གཏམ་ཁྱབ་སྤེལ་སོང་ཡོདཔ་བཞིན་དུ་ མཁོ་ལོང་ཆུ་ གློག་མེ་ལས་འགུལ་ འགོ་བཙུགས་ནི་འབད་དོ་ཡོདཔ་ལས་ ཨོལ་ལྐོག་བཏོག་མིའི་ ལོ་རྒྱུས་དེ་ ལོག་ཐོན་དོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *