མི་སེར་དམངས་གཙོ་ཚོགས་པའི་ལྷན་འཛོམས་ནང་ བཅའ་མར་གཏོགས་མི་ཚུ།

འབྲུག་ཤར་ཕྱོགས་ལུ་ ལྟ་སྐོར་འབད་མི་ ལྟ་བཤལཔ་ཚུ་གི་ སྤྱོད་འཐུས་དགོངས་ཡངས་གཏང་ནི།

གཞུང་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལཔ་གོང་འཕེལ་གཏང་ནི་གི་ གྲོས་འཆར་སྐོར་ལས་ ཚོགས་པའི་ཞལ་འཛོམས་ནང་གསུངས་ཡི།

༉ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལ་གོང་འཕེལ་གཏང་ཐབས་ལུ་ ལྟ་བཤལ་གྱི་སྐབས་ ལྟ་བཤལཔ་རེ་གིས་ ཉིན་བསྟར་སྤྱོད་འཐུས་ ཡུ་ཨེསི་ཌོ་ལར་༦༥ རེ་ སྤྲོད་དགོ་མི་དེ་ གཞུང་གིས་ དགོངས་ཡངས་གཏང་ནི་ཨིན་པས།
ད་རེས་ནངས་པར་ ཡུན་བརྟན་གོང་འཕེལ་གྱི་འཐུས་ཟེར་སླབ་མི་ སྤྱོད་འཐུས་དེ་ ལྟ་བཤལ་གྱི་ དུས་ཚོད་ངོ་མ་མེན་པའི་སྐབས་ ལྟ་བཤལཔ་རེ་ལུ་ ཉིན་བསྟར་གྱི་ཁྲལ་ ཡུ་ཨེསི་ཌོ་ལར་༢༠༠ རེ་དང་ དུས་ཚོད་ངོ་མའི་ནང་ ཉིན་བསྟར་བཞིན་དུ་ ཡུ་ཨེསི་ཌོ་ལར་༢༥༠ རེ་ བཀལ་མི་གུ་ ཡུ་ཨེསི་ཌོ་ལར་༦༥ རེ་ བཀལཝ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༡༢ ལུ་ མི་སེར་དམངས་གཙོའི་ཚོགས་པའི་ ལོ་བསྟར་ལྷན་འཛོམས་ནང་ ཤེས་རིག་བློན་པོ་དང་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་གི་འཐུས་མི་ ནོར་བུ་དབང་ཕྱུག་གིས་ བཤད་མི་དང་འཁྲིལཝ་ད་ གཞུང་གིས་ ལྟ་བཤལ་པའི་ སྤྱོད་འཐུས་དགོངས་ཡངས་གཏང་ནིའི་ གྲོས་འཆར་དེ་ སྤྱི་ཚོགས་ནང་བཙུགས་ཏེ་ གསུང་གྲོས་གནང་འོང་ཟེར་ཨིནམ་ད་ གནམ་དགུན་གྱི་ སྤྱི་ཚོགས་དེ་ཡང་ ནངས་པ་ལས་ འགོ་བཙུགས་ནི་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ སྤྱི་ཚོགས་ནང་ གྲོས་འཆར་དེ་ ཆ་འཇོག་གྲུབ་པ་ཅིན་ ཤར་ཕྱོགས་རྫོང་ཁག་ནང་ ལྟ་སྐོར་འབད་ནི་གི་ སྤྲོ་བ་ཡོད་མི་ ལྟ་བཤལ་པ་ཚུ་གིས་ སྤྱོད་འཐུས་སྤྲོད་མི་དགོ་པའི་ཁར་ དེ་གིས་ ཤར་ཕྱོགས་ལུང་ཕྱོགས་ནང་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་འོང་ཟེར་ཨིན་པས།
ད་རེས་ནངས་པར་ ཤར་ཕྱོགས་རྫོང་ཁག་༦ ནང་ ལྟ་བཤལཔ་བརྒྱ་ཆ་༡-༢ ལས་བརྒལ་ འོང་ནི་མེདཔ་ལས་ ལྟ་བཤལ་པའི་ ཁེ་ཕན་ཡང་ མང་ཤོས་ར་ ནུབ་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་གིས་ ཐོབ་སྟེ་འདུག་ཟེར་ཨིན་པས།
གཞུང་གིས་ དཔལ་འབྱོར་གནས་སྟངས་ གཅིག་མཚུངས་སྦེ་ གོང་འཕེལ་གཏང་ཐབས་ལུ་ ལྟ་བཤལཔ་བརྒྱ་ཆ་༢༠ དེ་ཅིག་ ཤར་ཕྱོགས་ལུང་ཕྱོགས་ནང་ འོང་ཚུགསཔ་བཟོ་ནི་ལུ་ ཁས་ལེན་འབད་དེ་ཡོདཔ་ཨིན་པས།
ཤར་ཕྱོགས་རྫོང་ཁག་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་གིས་ ཁས་བླངས་འབད་མི་ མང་ཤོས་ར་ གྲུབ་སྟེ་ཡོད་མི་ཚུ་ཡང་ མཐོ་རིམ་སློབ་གྲྭ་༣ གཞི་བཙུགས་དང་ ཡོན་ཕུ་ལའི་ གནམ་གྲུབ་ཐང་དེ་ཡང་ བཟོ་སྐྲུན་འབད་ཚར་ཏེ་ འཕུར་འགྲུལ་གྱི་ ཞབས་ཏོག་ལོག་འགོ་བཙུགས་ཏེ་ཡོད་ཟེར་ ཤེས་རིག་བློན་པོ་གིས་ བཤད་ཅི།
བློན་པོ་གིས་འབད་བ་ཅིན་ ཤར་ཕྱོགས་རྫོང་ཁག་༦ གོང་འཕེལ་གཏང་ནི་ལུ་ ཐབས་ལམ་སྦོམ་ཤོས་༡ པོ་དེ་ ཤར་ནུབ་གཞུང་ལམ་ རྒྱ་སྐྱེད་གཏང་ནི་ འགོ་བཙུགས་མི་གིས་ ཧེ་མ་ བཀྲིས་སྒང་ལུ་ ལྷོད་ནིའི་དོན་ལུ་ ཉིན་གྲངས་༢ དེ་ཅིག་ འགོར་མི་དེ་ ད་རེས་འབདཝ་ད་ ཉིནམ་༡ ནང་ ལྷོད་ཚུགས་པས་ཟེར་ཨིན་པས།
བློན་པོ་ནོར་བུ་དབང་ཕྱུག་གིས་ རྫོང་ཁག ༢༠ དང་ རྒེད་འོག་༢༠༥ གི་ ཚོགས་པའི་འགོ་ཁྲིདཔ་དང་ རྒྱབ་སྐྱོར་པ་ཚུ་ལུ་ ཧེ་མ་ རུ་པི་མ་ལང་པའི་ དཀལ་ངལ་དང་ དངུལ་འབྲེལ་ལས་སྡེ་ཚུ་ལས་ སྐྱིན་འགྲུལ་བཀག་ཆ་ འབད་བཞག་མི་ཚུ་ཡང་ ད་རེས་ སྐྱིན་འགྲུལ་ཐོབ་ཚུགས་བཟོ་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ཡང་ རྒྱ་ཆེ་དྲགས་སྦེ་ར་ ཡར་དྲག་སོང་སྟེ་ཡོད་ཟེར་ཨིན་པས།
དེ་ལས་ རྒྱལ་ཁབ་ནང་ གློག་མེ་མེན་པའི་ བུ་ལོན་དང་ གློག་མེ་དང་འབྲེལ་བའི་ བུ་ལོན་ཁག་༢ ཡོད་མི་ལས་ ད་རེས་ གློག་མེ་མེན་པའི་ བུ་ལོན་ཚུ་ ཡར་སེང་མ་འགྱོ་རུང་ གློག་མེའི་སྐྱིན་འགྲུལ་ཚུ་ ཡར་འཕར་སོང་སྟེ་ ཡོད་མི་དེ་ཡང་ གློག་མེའི་ལཱ་ཐེབས་འབད་དགོཔ་ བྱུང་མི་ལུ་བརྟེན་ཨིན་པས།
བུ་ལོན་ཚུ་ཡང་ གློག་མེའི་ཐོན་སྐྱེད་འབད་ནི་ འགོ་བཙུགས་པའི་བསྒང་ལས་ གློག་མེ་ཕྱིར་ཚོང་འཐབ་ད་ སྐྱིན་འགྲུལ་ག་ར་ བཏབ་ཚུགས་ནི་ཨིནམ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ བློན་པོ་ནོར་བུ་དབང་ཕྱུག་གིས་ བཤད་ཅི།
སྤྱི་ལོ་༢༠༡༣ ལུ་ གློག་མེ་མེན་པའི་ སྐྱིན་འགྲུལ་དངུལ་ཀྲམ་ ཐེར་འབུམ་༤༠ ཡོད་མི་ལས་ ད་རེས་ དངུལ་ཀྲམ་ཐེར་བུམ་༣༤ ལུ་ མར་ཕབ་འབད་ཚུགས་ཏེ་ ཡོདཔ་ཨིན་པས།
གཞུང་གིས་ མི་སེར་ལུ་ དངུལ་ཀྲམ་ཐེར་འབུམ་༡.༧ ལྷགཔ་ཅིག་གནས་པའི་ གློག་མེའི་ཕབ་ཆག་ བྱིན་མི་དེ་གིས་ ཁྱིམ་གུང་པ་༡༠༠,༠༠༠ དེ་ཅིག་ལུ་ ཁེ་ཕན་བྱུང་སྟེ་ཡོདཔ་མ་ཚད་ ད་ཚུན་ སོ་ནམ་པ་ཚུ་ལུ་ ཞིང་རྨོ་འཕྲུལ་ པ་ཝར་ཊེ་ལར་༨༠༠ དེ་ཅིག་ བཀྲམ་སྤེལ་འབད་ནུག།
ཤེས་རིག་བློན་པོ་གིས་ བཤད་མིའི་ནང་ གཞུང་གིས་ འགོ་དང་པ་ གནམ་གྲུ་ཧེ་ལི་ཀོབ་ཊར་ མཁོ་སྒྲུབ་འབད་བའི་སྐབས་ མི་སེར་ཚུ་ལས་ ཉོགས་བཤད་འདྲ་མིན་སྣ་ཚོགས་བཀོད་ཡོད་རུང་ ད་ཚུན་ ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ལུ་བརྟེན་ ནདཔ་༢༥༠ ཐིམ་ཕུག་སྨན་ཁང་ནང་ བསྐྱལ་ཡོད་མི་ལས་ མི་༥༣ ལུ་རྐྱངམ་གཅིག་ ཤི་རྐྱེན་བྱུང་ཡི་ཟེར་ཨིནམ་ད་ ཞབས་ཏོག་དེ་ལུ་ དངུལ་ཀྲམ་ས་ཡ་༩༩.༧ ཟད་འགྲོ་གནས་ཡོདཔ་ཨིན་པས།
བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་དང་ ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ཀྱི་འཐུས་མི་ ཌེ་ཨེན་ དུང་གཱེལ་གྱིས་ རྒྱལ་ཡོངས་ལུ་ ས་ཆ་བསྐྱར་འཇལ་འབད་མི་དེ་ མཇུག་བསྡུ་སྟེ་ སའི་ཇོ་བདག་ཚུ་ལུ་ ལག་ཁྲམ་ཚུ་ གནང་པའི་བསྒང་ཡོད་ཟེར་བཤད་ཅི།
བསམ་རྩེ་རྫོང་ཁག་ནང་ ལག་ཁྲམ་༨,༥༧༠ དང་ གསར་སྤང་རྫོང་ཁང་ལུ་༩,༠༤༦ རྩི་རང་ལུ་༣,༦༥༩ དེ་ཅིག་གིས་ ལག་ཁྲམ་ཐོབ་ཡོད་པའི་ཁར་ དར་དཀར་ནང་རྫོང་ཁག་ནང་ སྤྱི་ལོ་༢༠༡༣ ལས་ར་ སའི་སྐྱིད་སྡུག་ ཨེ་ཀར་༢༧,༥༣༥ གནང་མི་དེ་གིས་ ཁྱིམ་གུང་པ་༡,༠༠༠ ལྷགཔ་ཅིག་ལུ་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ བརྒྱུད་འབྲེལ་བློན་པོ་གིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་སེར་༩,༢༧༥ དང་ མི་རྩིས་འཛགས་ལུས་ཤོར་མི་༨,༣༧༥ ལུ་ མི་རྩིས་ཀྱི་ སྐྱིད་སྡུག་གནང་སྟེ་ཡོད་ཟེར་ཨིན་པས།
མི་དབང་མཆོག་གིས་ སྐྱིད་སྡུག་ཚུ་གནངམ་ད་ མི་སེར་ཚུ་གིས་ མི་རྩིས་འཛགས་ལུས་མི་ཤོར་ནིའི་དོན་ལུ་ ཧ་གོ་དགོཔ་དེ་ གལ་གནད་ཅན་ཅིག་ཨིནམ་བཞིན་དུ་ ཕྱེ་མི་ཚུ་དང་གཅིག་ཁར་ གཉེན་རྐྱབ་པའི་སྐབས་ མི་རྩིས་འཐོབ་ནི་ལུ་ ལཱ་ཁག་བཏང་མི་ལུ་བརྟེན་ གཉེན་རྐྱབ་ནི་ལས་ འཛེམ་དགོ་པའི་སྐོར་ལས་ འགོ་ཁྲིདཔ་ཚུ་གིས་ མི་སེར་ཚུ་ལུ་ བཤད་བྱིན་དགོ་ཟེར་ བློན་པོ་ཌི་ཨེན་དུང་གཱེལ་གྱིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *