འབྲུག་ལྟ་བཤལ་ཚོགས་སྡེའི་ བར་མཚམས་བསྐྱར་ཞིབ་སྙན་ཞུ་འབད་ཡོདཔ།

༉ ལོ་༥ འི་འཆར་གཞི་༡༢ པའི་ བར་མཚམས་བསྐྱར་ཞིབ་ཞལ་འཛོམས་ འཚོགས་པའི་སྐབས་ འབྲུག་ལྟ་བཤལ་ཚོགས་སྡེའི་ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ འབྲུག་ལུ་འོང་མི་ ཕྱིའི་ལྟ་བཤལཔ་དང་ ལུང་ཕྱོགས་ལྟ་བཤལཔ་ དེ་ལས་ ནང་འཁོད་ལྟ་བཤལཔ་ཚུ་གི་དོན་ལུ་ སྲིད་བྱུས་བརྩམས་མི་དེ་ གཞུང་གིས་ ཆ་འཇོག་གནང་ཡི་ཟེར་ཨིན་པས།

དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་མི་ འཆར་གཞི་༡༢ པའི་ལོ་༥ འི་བར་མཚམས་བསྐྱར་ཞིབ་ཞལ་འཛོམས་སྐབས་ གཞུང་ལུ་ སྙན་ཞུ་སྦེ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཕུལ་ཡི།

འབྲུག་གི་ལྟ་བཤལ་ཁྲལ་༢༠༢༠ བསྐྱར་ཞིབ་འབད་བའི་ཁར་ འཛམ་གླིང་རྒྱལ་ཁབ་ཚུ་དང་མ་འདྲ་བའི་ ལྟ་བཤལ་ས་ཁོངས་ཅིག་ འབྲུག་ལུ་བཟོ་ནི་དང་ ལྟ་བཤལ་ལས་སྡེ་ཚུ་ འབྲེལ་བ་འཐབ་པའི་ས་ཁོངས་ ཨང་གནས་ཅན་གྱི་ འབྲུག་ལྟ་བཤལ་བཟོ་ནི་ སྤྱི་ལོ་༢༠༢༠ ཟླ་༡༢ པའི་ནང་ འབྲུག་གནས་སྐོར་ཟེར་ གཞི་བཙུགས་འབད་ཡོདཔ་ད་ ལྟ་བཤལ་ཚོགས་སྡེ་གིས་ གཞུང་དང་ ལས་སྡེ་ མི་སྡེ་ལས་ཚོགས་ རྒྱལ་སྤྱི་ཚུ་དང་ གོ་བརྡའི་ཞལ་འཛོམས་ཐེངས་༣༦ འགོ་འདྲེན་འཐབ་ཡོདཔ་སྦེ་ ཨིན་པས།

སྤུས་ཚད་ཅན་གྱི་ ཟ་ཁང་བཟོ་ནི་དེ་ཡང་ འཆར་གཞི་༡༢ པའི་ གཙོ་རིམ་ཅན་གྱི་ལས་སྣ་སྦེ་ ཚུད་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ ལྷུན་རྩེ་དང་ དར་དཀར་ནང་ མགར་ས་རྫོང་ཁག་༣ ནང་ སྐྱིད་གནས་ཟ་ཁང་༤༤ བཟོ་ཡོདཔ་མ་ཚད་ ཨང་གནས་ཅན་གྱི་ ལྟ་བཤལ་ཟེར་ དཔེ་དེབ་ཅིག་བརྩམས་ནུག།

ནང་འཁོད་ལྟ་བཤལ་གོང་འཕེལ་གཏང་ནི་དེ་ཡང་ གཙོ་རིམ་ཅན་གྱི་ ལས་རིམ་ཨིནམ་ལས་ ནང་འཁོད་ལྟ་བཤལ་ལས་སྟོན་འགོ་འབྱེད་འབད་བའི་ཤུལ་ལས་ འབྲུག་སྐོར་ར་དང་ འབྲུག་གནས་སྐོར་༢ གཞི་བཙུགས་འབད་མི་དང་འཁྲིལ་ འབྲུག་མི་༡,༥༠༠ དེ་ཅིག་གིས་ བསྟར་སྤྱོད་འབད་ཡོདཔ་སྦེ་ འབྲུག་ལྟ་བཤལ་ཚོགས་སྡེའི་ཡོངས་ཁྱབ་མདོ་ཆེན་གྱིས་ གསལ་བཤད་འབད་ཡི།

ཁཝ་ནང་ རྩེདམོ་རྩེ་ནིའི་དོན་ལུ་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ འགོ་འདྲེན་འཐབ་ནི་དང་ གནམ་གཤིས་གནས་སྟངས་ལས་འཆར་གྲོས་འདེབས་དང་ དུས་རབས་༢༡ པའི་ དཔལ་འབྱོར་འཆར་གཞི་ཨམ་ བརྩམ་ཞིནམ་ལས་ ཆ་འཇོག་གི་དོན་ལས་ ཁྲི་འཛིན་ལུ་ ཕུལ་ཡོདཔ་ཨིན་པས།

དེ་དང་འདྲཝ་སྦེ་ འཆར་གཞི་༡༢ པའི་ལོ་༥ འི་ བར་མཚམས་བསྐྱར་ཞིབ་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ འཆར་གཞི་ལས་སྣ་འགོ་འདྲེན་འཐབ་མི་དང་འབྲེལ་ ནད་ཡམས་ཀོ་བིཌ་-༡༩ ལུ་ གདོང་ལེན་འབད་ཡི་ཟེར་ཨིན་པས།

སྤྱི་ལོ་༢༠༢༠ ཟླ་༤ པ་ལས་༦ པ་ཚུན་གྱི་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ དངུལ་ཀྲམ་ས་ཡ་༡༠༢.༦ ཐོག་ལས་ མི་ངོམ་༡,༡༥༡ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༠ ཟླ་༧ པ་ལས་༡༢ པ་ཚུན་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ མ་དངུལ་ས་ཡ་༡༡༡.༡༨ ཐོག་ལས་ མི་ངོམ་༤༢༢ ལུ་ ཕན་ཐོགས་བྱུང་ནུག།

དཔལ་འབྱོར་ལྷན་ཐབས་འཆར་གཞིའི་འོག་ལུ་ གཞི་རྟེན་མཁོ་ཆས་དང་ ཐོན་སྐྱེད་གོང་འཕེལ་གཏང་ནི་དང་ ཟ་ཁང་དང་ ལམ་སྟོན་པ་ཚུ་ལུ་ སྦྱོང་བརྡར་དང་ མནོ་ལུགས་བསྒྱུར་བཅོས་འབད་ནི་ རྒྱལ་ཁབ་ནང་ ལྟ་བཤལ་ཡར་དྲག་གི་དོན་ལུ་ ཞིབ་འཚོལ་དང་ བརྟག་ཞིབ་འབད་ནི་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་འབད་ནིའི་དོན་ལུ་ ལཱ་འབད་བའི་སྐོར་ལས་ གསལ་ཞུ་འབད་ཡི།

དེ་དང་འདྲཝ་སྦེ་ གྲུབ་འབྲས་བརྡ་སྟོན་དང་ དམིགས་ཡུལ་བསྐྱར་ཞིབ་འབད་དགོ་པའི་སྐོར་ལས་ གཞུང་ལུ་ གྲོས་འདེབས་ཕུལ་ཡོད་རུང་ གཞུང་གིས་ ངོས་ལེན་མ་མཛད་པར་ རང་འཇགས་བཞག་དགོཔ་སྦེ་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *