འབྲུག་ལྕོགས་གྲུབ་མི་སྡེ་གིས་ ཨ་ལོ་དབང་པོ་སྐྱོན་ཅན་དང་ བཟའ་ཚང་ཚུ་ལུ་ གྲོགས་རམ་འབད་དོ་ཡོདཔ།

༉ སྐྱེས་ལོ་༡༢ ལང་མི་ རྡོ་རྗེ་དབང་ཕྱུག་དེ་ དཔེ་ཆ་ལྷབ་ནིའི་སྤྲོ་བ་དང་ སེམས་ཤུགས་སྦོམ་ཡོད་རུང་ ནད་གཞི་ཌའུན་སིན་ཌོམ་ཟེར་མི་ཡོད་ནི་དེ་གིས་ སློབ་རིམ་ནང་ལས་ མཐར་འཁྱོལ་ནི་ལུ་ གདོང་ལེན་བྱུངམ་ལས་ ཡང་བསྐྱར་ལྷབ་དགོཔ་ཐོན་དོ་ཡོདཔ་ཨིན་པས།
ཁོ་གི་ཕམ་གཉིས་ཀྱིས་ ཁོ་རའི་སྤྲོ་བ་ དཔེ་ཆ་ལྷབ་ནི་ཨིན་མི་ལུ་ རྒྱབ་སྐྱོར་ག་དེ་དྲག་དྲག་འབད་དོ་ཡོད་རུང་ བཟའ་ཚང་ནང་ ཁོང་ཨ་ལོ་༨ ཡོདཔ་ལས་ ཁོ་རའི་ཨ་པ་གི་ དགོངས་ཞུའི་ཐོབ་ལམ་གྱིས་ ལང་མི་ཚུགས་དོ་ཡོདཔ་ཨིན་པས།
ཨིན་རུང་ རྡོ་རྗེ་དབང་ཕྱུག་གི་བཟའ་ཚང་ལུ་ འབྲུག་ལྕོགས་གྲུབ་མི་སྡེ་གིས་ སོ་ནམ་དང་འབྲེལ་བའི་ལཱ་འབད་ཐོག་ལས་ འོང་འབབ་བཟོ་ནིའི་དོན་ལུ་ བརྟན་རྩ་མ་དངུལ་བྱིན་མི་དེ་གིས་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
རྡོ་རྗེ་དབང་ཕྱུག་གི་ཨ་པ་ ཆེ་ཏ་གིས་ སླབ་མིའི་ནང་ སོ་ནམ་ཐོན་སྐྱེད་ཚུ་ བཟའ་ཚང་གིས་ སྤྱོད་པའི་ལྷག་ལུས་ཚུ་བཙོང་སྟེ་ འོང་འབབ་དུམ་གྲ་རེ་ བཟོ་ཚུགས་པས་ཟེར་ཨིན་པས།
མ་འོངས་པའི་ནང་ རྡོ་རྗེ་དབང་ཕྱུག་གིས་ སོ་ནམ་གྱི་ལཱ་འཕྲོ་མཐུད་འབད་དེ་ རང་མགོ་རང་འདྲོངས་སྦེ་ སྡོད་ནིའི་བློ་འདོད་ཡོད་པ་ཅིན་ཟེར་ སོ་ནམ་གྱི་ལཱ་འབད་ཐངས་ཚུ་ སྟོན་བྱིན་དོ་ཟེར་ ཨ་པ་གིས་ བཤདཔ་ཨིན་པས།
ལས་རིམ་དེ་ འབྲུག་ལྕོགས་གྲུབ་མི་སྡེ་གིས་ ཇར་མ་ནི་སྤྱི་གཞུང་གི་ དཔལ་འབྱོར་མཉམ་འབྲེལ་གོང་འཕེལ་དང་ ཇར་མ་ནི་དང་ཇར་མན་མཛེ་ནད་ དེ་ལས་ འབྲུག་ལུ་ཡོད་མི་ དབང་པོ་སྐྱོན་ཅན་ཚུ་ག་ར་ ཚུད་དགོ་པའི་གོང་འཕེལ་ཟེར་མི་ ཨེ་ཤི་ཡ་གི་ བད་ཀན་འཇོམས་ཐབས་ མཐུན་ཚོགས་དང་གཅིག་ཁར་ མཉམ་འབྲེལ་འབད་མིའི་ ཆ་ཤས་ཅིག་ཨིན་པས།
མཉམ་འབྲེལ་གྱི་ལཱ་དེ་གིས་ ན་གཞོན་ལེ་ཤ་ཅིག་ལུ་ ཕན་ཐོགས་ཏེ་ཡོད་པའི་ཁར་ ན་གཞོན་ཚུ་གིས་ བཟའ་ཚང་ཚུ་ལུ་ཡང་ ཁེ་ཕན་བྱུང་སྟེ་ཡོདཔ་ཨིན་པས།
ལོ་༣ གྱི་ལས་འགུལ་དེ་ འགོ་དང་པ་ར་ ཆུ་ཁ་དང་ དར་དཀར་ནང་ བཀྲིས་སྒང་ སྤུ་ན་ཁ་ དེ་ལས་ གསར་སྤང་རྫོང་ཁག་ཚུ་ནང་ལས་སྦེ་ དབང་པོ་ལུ་སྐྱོན་ཕོག་མི་ མི་ངོམ་ག་དེམ་ཅིག་ཡོདཔ་ཨིན་ན་ བལྟ་ནིའི་དོན་ལུ་དང་ དམིགས་བསལ་དུ་ ཨམ་སྲུ་དང་ ཨ་ལོ་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ ཁོང་གི་གནས་སྟངས་ཚུ་ ཧ་གོ་ཐབས་ལུ་ འགོ་བཙུགས་ཡོདཔ་ཨིན་པས།
ལས་འགུལ་དེ་གིས་ འཛམ་གླིང་གསོ་བའི་སྤྱི་ཚོགས་ཀྱི་ཀ་ཆེན་༥ གསོ་བ་དང་ ཤེས་རིག་ འཚོ་བ་དང་མི་སྡེ་ དབང་ཆ་ཚུ་དང་ མཐུནམ་སྦེ་ གྲལ་གཏོགས་ཡོདཔ་ བཟོ་ཐབས་ལུ་དམིགས་ཏེ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མི་ནང་ ཞབས་ཏོག་གི་ལྟེ་བ་དེ་ ཐིམ་ཕུག་ལུ་ གཞི་བཙུགས་འབད་དེ་ཡོདཔ་ལས་ ཞབས་ཏོག་ཚུ་ཡང་ དབང་པོ་སྐྱོན་ཅན་ཚུ་སྡོད་ས་ཚུན་ བསྐྱལ་ཚུགས་ཏེ་ཡོད་ཟེར་ཨིནམ་ད་ དབང་པོ་སྐྱོན་ཅན་མཐོ་ཤོས་ཡོད་མི་ རྫོང་ཁག་ཚུ་ གདམ་ཁ་རྐྱབ་སྟེ་ཡོད་ཟེར་ཨིན་པས།
ལས་འགུལ་དེ་གི་ཐོག་ལས་ དབང་པོ་སྐྱོན་ཅན་ཨ་ལོ་༡༦༦ དང་ ཁོང་གི་ཕམ་ དེ་ལས་ བདག་འཛིན་འཐབ་མི་ཚུ་ལུ་ མི་ཚེའི་དོན་ལུ་ རིག་རྩལ་སྦྱོང་བརྡར་ཚུ་བྱིན་ཏེ་ཡོདཔ་ཨིནམ་ད་ གསོ་བ་དང་ ཆོས་སྡེ་ དེ་ལས་ སློབ་དཔོན་ཚུ་དང་གཅིག་ཁར་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
བདག་འཛིན་འཐབ་མི་དང་ ཕམ་༡༠༠༠ དེ་ཅིག་ལུ་ རང་རྐྱང་བདག་འཛིན་འཐབ་ནི་དང་ སེམས་ཤུགས་ཅན་སྦེ་ སྡོད་ནིའི་སྐོར་ལས་ སྦྱོང་བརྡར་ཚུ་བྱིན་ཡོདཔ་ད་ དབང་པོ་སྐྱོན་ཅན་ཚུ་བཞག་སའི་ ས་ཁོངས་ནང་ལས་ མི་༡༠༤༨ ཕྱི་སེལ་འབད་ཡོདཔ་ཨིན་པས།
རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ ཕམ་མང་ཤོས་ཀྱིས་ ཁོང་གི་ཨ་ལོ་དེ་ དབང་པོ་སྐྱོན་ཅན་ཨིནམ་སྦེ་ ངོས་ལེན་འབད་མི་བཏུབ་དོ་ཡོདཔ་ལས་ ཕྱི་སེལ་རྐྱབ་ནི་དེ་ ཁག་ཆེ་བས་ཟེར་ཨིནམ་ད་ ཕམ་ཚུ་གིས་ ངོས་ལེན་ཧ་སག་འབད་བ་ཅིན་ ཨ་ལོ་ལུ་བར་འབྲེལ་འཐབ་སྟེ་ གྲོགས་རམ་ཡང་ ཧ་སུ་བྱིན་ཚུགས་ཟེར་ཨིན་པས།
ལས་འགུལ་དེ་གིས་ རྫོང་ཁག་༥ ནང་ དབང་པོ་སྐྱོན་ཅན་ཚུ་དང་མཐུན་པའི་ མཐུན་རྐྱེན་ཡོད་པའི་ ཨ་ལོ་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་དེ་ ཆ་རོགས་འབད་མི་༡༧༩ ལུ་ སྦྱོང་བརྡར་ཡང་ བྱིན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལོའི་ འབྲུག་གི་ རྒྱལ་ཡོངས་མི་རློབས་དང་ཁྱིམ་གྱི་གྲངས་རྩིས་སྙན་ཞུ་དང་འཁྲིལཝ་ད་ སྐྱེས་ལོ་༣ ལས་༢༤ གི་བར་ན་འབད་མི་ དབང་པོ་སྐྱོན་ཅན་ཨ་ལོ་༡༦༡༨ ཡོདཔ་ཨིན་པས།
ལས་འགུལ་དེ་གི་དོན་ལུ་ ཉིན་གྲངས་༢ ཀྱི་ གྲོས་འཛོམས་སྐབས་ ཤེས་རིག་ལྷན་ཁག་གི་ ལས་རིམ་འགོ་དཔོན་གཙོ་འཛིན་འོགམ་ པདྨ་ཆོས་རྒྱལ་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༢༡ ལུ་ སྐྱེས་ལོ་༣ ལས་༢༤ གི་བར་ན་ སློབ་གྲྭ་ནང་བཙུགས་མི་ཨ་ལོ་༧༥༤ ཡོད་མི་དེ་ རྒྱལ་ཁབ་ནང་ དབང་པོ་སྐྱོན་ཅན་ཨ་ལོ་ཚུ་དང་ཕྱདཔ་ད་ བརྒྱ་ཆ་༤༦ གི་རྩིས་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དབང་པོ་སྐྱོན་ཅན་ཚུ་ལུ་ བདག་འཛིན་འཐབ་མི་དང་ གོ་བརྡ་ དེ་ལས་ བཟའ་ཚང་ལུ་ དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་ཅིན་ ཨ་ལོ་ཚུ་ སློབ་གྲྭ་ནང་བཙུགས་ནི་ལས་ བར་ཆད་བྱུང་སྟེ་འདུག་ཟེར་ཨིན་པས།
དུས་ཅི་ ལོ་མཇུག་བསྡུཝ་ད་ རྒྱལ་ཁབ་ནང་ དེ་བཟུམ་མའི་ མཐུན་རྐྱེན་ཡོད་མི་ སློབ་གྲྭ་༢༦ འོང་ནི་ཨིནམ་ད་ གསརཔ་༣ དེ་ཡང་ དགེ་ལེགས་ཕུག་ ནོར་བུ་སྒང་སློབ་གྲྭ་ལྟེ་བ་དང་ བསམ་གྲུབ་ལྗོངས་མཁར་སློབ་གྲྭ་ཆུང་བ་ དེ་ལས་ སྒོམ་དར་སློབ་གྲྭ་ལྟེ་བ་ཚུ་ཨིནམ་ད་ ལས་འགུལ་དེ་གི་ཐོག་ལས་ དབང་པོ་ལུ་སྐྱོན་ཕོག་མི་ ཨ་ལོ་༣,༠༢༦ ཐོ་བཀོད་འབད་ཡོདཔ་ཨིན་པའི་གནས་ཚུལ།

པདྨ་ཆོས་སྐྱིད། གཡོག་སྦྱོང་པ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *