འབྲུག་ལུ་ སྒེར་གྱི་སོ་བཅོས་སྨན་ཁང་ གཞི་བཙུགས་ཀྱི་ གནང་བ་མ་ཐོབ་པར་ཡོདཔ།

༉ འབྲུག་གི་སོའི་དྲུང་འཚོ་ ༼སོ་བཅོས་མཁས་མཆོག༽ སྡེ་ཚན་ཅིག་གིས་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ སྒེར་གྱི་སྨན་ཁང་ གཞི་བཙུགས་འབད་ཐོག་ལས་ སོ་དང་འབྲེལ་བའི་ སྨན་བཅོས་ཞབས་ཏོག་ཚུ་ མཁོ་སྤྲོད་འབདཝ་ཨིན་རུང་ ད་རེས་ རྒྱལ་སྤྱི་ས་མཚམས་ སྒོ་བསྡམས་བཞག་མི་ལུ་བརྟེན་ ད་ལྟོ་ འབྲུག་རྒྱལ་ཁབ་ནང་ར་ ཐོགས་ལུས་ཡོདཔ་ཨིན་པས།

སྡེ་ཚན་དེ་གིས་ ཇའི་སྒང་ལུ་ སྨན་ཁང་གཞི་བཙུགས་འབད་དགོ་མི་དེ་ཡང་ འབྲུག་ལུ་ སོའི་དྲུང་འཚོ་ ༼ཌོག་ཊར༽ ཚུ་གི་དོན་ལས་ གཞུང་གཡོག་ནང་ ས་སྟོང་གངམ་མེད་པའི་ཁར་ སྒེར་གྱི་སྨན་ཁང་ཡང་ གཞི་བཙུགས་འབད་ མ་ཆོག་མི་ལུ་བརྟེན་ཏེ་ཨིན་པས།

ཌོག་ཊར་ཚུ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ སོ་དང་འབྲེལ་བའི་ སྨན་བཅོས་ཀྱི་ སློབ་སྦྱོང་མཐར་འཁྱོལ་མི་ ལེ་ཤ་ཐོན་དོ་ཡོདཔ་ཨིན་རུང་ གཞུང་གི་སྨན་ཁང་ཚུ་གི་དོན་ལུ་ དྲུང་འཚོ་༤ དང་༥ དེ་ཅིག་མ་གཏོགས་ ལེན་ནི་མེདཔ་ལས་ གཞན་ཚུ་ ལཱ་གཡོག་མེད་པར་ སྡོད་དགོ་པས་ཟེར་ཨིན་པས།

མིང་གསང་བཞག་མི་ ཌོག་ཊར་༡ གིས་ སླབ་མིའི་ནང་ ན་ཧིང་ སོའི་དྲུང་འཚོ་སྡེ་ཚན་དེ་གིས་ བློན་ཆེན་དང་མཇལ་ཏེ་ སྒེར་གྱི་སོ་བཅོས་སྨན་ཁང་ གཞི་བཙུགས་འབད་ནིའི་སྐོར་ལས་ གནང་བ་ཞུ་བའི་སྐབས་ གལ་སྲིད་ སོ་བཅོས་ཞབས་ཏོག་ ག་ར་ཚང་བའི་ སློབ་སྦྱོང་སྤེལ་ཁང་ བཙུགས་ན་མ་གཏོགས་ སྨན་ཁང་ཆུང་ཀུ་རེ་འབད་བ་ཅིན་ བཙུགས་ཐབས་མེད་ཟེར་ གསུངས་དེས་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ སོའི་སྨན་ཁང་ ཆུང་བ་ཚུ་ གཞི་བཙུགས་འབད་མི་ཆོག་ཟེར་མི་ལུ་ དོན་དག་གསལ་ཏོག་ཏོ་ཅིག་ བཀོད་ནི་མེདཔ་ཨིན་རུང་ ཁོང་གིས་ གྲོས་འཆར་ནང་ ཞབས་ཏོག་ཚུ་ གོ་རིམ་བཞིན་དུ་ ཡར་སེང་འབད་དེ་ བཙུགས་ནི་སྦེ་ བཀོད་དེ་ཡོད་ཟེར་ཨིན་པས།

ཌོག་ཊར་ཅིག་གིས་ སླབ་མིའི་ནང་ ཁོ་ར་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ལོ་༡ གི་རིང་ ལཱ་འབད་ཡོདཔ་ལས་ དེ་ནང་ལས་སྤྲོད་མི་ ཞབས་ཏོག་ཚུ་ གཞི་རྟེན་རྐྱངམ་གཅིག་ཨིནམ་ད་ གཞན་མི་ཞབས་ཏོག་ཚུ་ དགོ་པ་ཅིན་ ཕྱི་རྒྱལ་ལུ་ འགྱོ་དགོ་པས་ཟེར་ཨིན་པས།

དེ་འབདཝ་ལས་ སོ་བཅོས་སྡེ་ཚན་གྱིས་ ཇའི་སྒང་ལུ་ བྱ་ཐབས་མེད་པར་ སོ་བཅོས་སྨན་ཁང་ གཞི་བཙུགས་འབད་དགོཔ་ བྱུང་ཡོདཔ་བཞིན་དུ་ དེ་ནང་ ཞབས་ཏོག་ལེན་པར་འོང་མི་ བརྒྱ་ཆ་༩༠ དེ་ཅིག་ འབྲུགཔ་ཨིནམ་བཞིན་དུ་ ལས་མགྲོན་པ་ཡང་ མང་ཤོས་ར་ གཞུང་གི་ཆེ་མཐོའི་འགོ་དཔོན་དང་ སྲིད་དོན་པ་ཚུ་ཨིན་ཟེར་ ཌོག་ཊར་དེ་གིས་ བཤདཔ་ཨིན་པས།

ཁོ་གིས་ གསོ་བ་ལྷན་ཁག་ལུ་ཡང་ ཞུ་བ་འབད་ཡོདཔ་ཨིན་རུང་ སྲིད་བྱུས་ཀྱི་ གནད་དོན་ཚུ་ལུ་ གསུང་གྲོས་གནང་དོ་ཟེར་ སླབ་པའི་ཤུལ་ལུ་ ད་ལྟོའི་བར་ན་ཡང་ ལན་གསལ་ག་ནི་ཡང་ མིན་འདུག་ཟེར་ བཤདཔ་ཨིན་པས།

ད་རེས་ གཞི་རྟེན་ཞབས་ཏོག་ཅིག་ སོ་འབལ་ནི་དང་ སོ་ཉེན་སྲུང་འབད་ནི་དེ་ཨིནམ་ད་ ཞབས་ཏོག་དེ་ཡང་ ཐིམ་ཕུག་སྨན་ཁང་ནང་ལས་རྐྱངམ་གཅིག་ ཐོབ་དོ་ཡོདཔ་མ་ཚད་ དུས་ཚོད་ཡང་ རིངམོ་སྦེ་ར་ འགོརཝ་ཨིན་པས་ཟེར་ཨིན་མས།

ཁོ་གིས་ སླབ་མིའི་ནང་ ཁོང་གིས་ སོ་བཅོས་སྨན་ཁང་ གཞི་བཙུགས་འབད་ནི་ཟེར་ སླབ་པའི་སྐབས་ ཌོག་ཊར་རེ་གིས་ སྨན་ཁང་རེ་ གཞི་བཙུགས་འབད་ནི་མེན་པར་ སྡེ་ཚན་བཟོ་སྟེ་ རང་སོའི་ཁྱད་རིག་དང་བསྟུན་པའི་ ཞབས་ཏོག་ཚུ་ གཞི་བཙུགས་འབད་ནི་དེ་ཨིན་ཟེར་ཨིན་པས།

ཇའི་སྒང་ལུ་ཡོད་མི་ ཁོང་གི་ སྨན་ཁང་དེ་ ནད་ཡམས་ཐོན་ཞིནམ་ལས་ཚུར་ སྒོ་བསྡམས་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ཁང་གླ་སྦོམ་སྦེ་སྤྲོད་དེ་ བཞག་སྟེ་ཡོད་ཟེར་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་ ཐིམ་ཕུག་སྨན་ཁང་ནང་ ཌོག་ཊར་རེ་གིས་ ནདཔ་ལེ་ཤ་ བལྟ་དགོཔ་བཞིན་དུ་ ཞབས་ཏོག་གི་ སྤུས་ཚད་ལུ་ཡང་ གནོདཔ་ཨིན་པས་ཟེར་ བཤདཔ་ཨིན་པས།

ཌོག་ཊར་ཅིག་གིས་ སླབ་མིའི་ནང་ མི་ཕྱུགཔོ་ཚུ་གིས་ ཞབས་ཏོག་ཚུ་ལེན་པར་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྱོ་དོ་ཡོདཔ་ལས་ ཁོང་གིས་ འོང་འབབ་ཆུང་བ་དང་ བར་ན་སྐོརམ་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ ལཱ་འབད་ནི་དང་ ཐིམ་ཕུག་སྨན་ཁང་ནང་ ནདཔ་གི་གྱངས་ཁ་ མར་ཕབ་འབད་ནིའི་ ལྷན་ཐབས་ལུ་ དམིགས་གཏད་བསྐྱེད་ནི་ཨིན་ཟེར་ཨིན་པས།

ཌོག་ཊར་ཚུ་གིས་ བློན་ཆེན་ལུ་ ཞུ་ཡིག་དེ་ཡང་ ན་ཧིང་ སྤྱི་ཟླ་༧ པའི་ཚེས་༤ ལུ་ ཕུལ་ཡོདཔ་ད་ ཞུ་ཡིག་དང་འཁྲིལཝ་ད་ སོའི་དྲུང་འཚོ་ཚུ་ སློབ་སྦྱོང་མཇུག་བསྡུ་སྟེ་ རྒྱལ་ཁབ་ནང་ ལྷོད་པའི་སྐབས་ ལ་ལོ་ཅིག་ ཐིམ་ཕུག་སྨན་ཁང་ནང་ ས་སྟོང་དང་འཁྲིལ་ ཁག་འབག་ཐོག་ སྡོད་དགོཔ་ལས་ འཚོ་སྐྱོང་འཐབ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ད་ ཇའི་སྒང་ལུ་ ལཱ་འབད་མི་ཚུ་ཡང་ ནད་ཡམས་ལུ་བརྟེན་ ཐོ་ཕོག་སྟེ་ཡོདཔ་སྦེ་བཀོད་ནུག།

ཞུ་ཡིག་ནང་ ག་དེམ་ཅིག་སྦེ་ རྒྱལ་ཁབ་ནང་ སྒེར་གྱི་སོ་བཅོས་སྨན་ཁང་ཚུ་ གཞི་བཙུགས་འབད་མ་བཅུག་པ་ཅིན་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༧ པའི་དོན་ཚན་དང་པ་དང་ དོན་ཚན་༡༠ པ་ནང་ གསལ་བཀོད་འབད་བའི་ ཐོབ་དབང་ཚུ་ འཐོབ་མི་ཚུགས་ནི་མས་ཟེར་བཀོད་ནུག།

རྩ་ཚན་༧ པའི་དོན་ཚན་དང་པ་ནང་ མི་ངོ་ཆ་མཉམ་ལུ་ ཚེ་སྲོག་དང་ འདོད་དབང་ རང་སོའི་བདེ་སྲུང་གི་ ཐོབ་དབང་ཡོད་པའི་ཁར་ ཁྲིམས་ཀྱི་རིམ་གྱིས་པ་དང་ འཁྲིལ་ཏེ་མ་གཏོགས་ ཐོབ་དབང་དེ་ཚུ་ལས་ འབྲལ་ཐབས་བསྒྲིག་ནི་མེད་ཟེར་ བཀོད་ཡོདཔ་ད་ དོན་ཚན་༡༠ པའི་ནང་ འབྲུག་པའི་མི་སེར་གཅིག་ལུ་ ཁྲིམས་མཐུན་གྱི་འཚོ་གཡོག་ ཡང་ན་ ཁྱད་གཡོག་ ལག་རྩལ་ག་ར་ཨིན་རུང་ ལག་ལེན་འཐབ་ནིའི་ ཐོབ་དབང་ཡོད་ཟེར་བཀོད་ཡོད་པའི་གནས་ཚུལ། 

ཉི་མ་དབང་འདུས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *