འབྲུག་ལུ་ ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཚུ་གི་བར་ན་ བང་རྒྱུག་འགོ་དང་པ་ འགོ་འདྲེན་འཐབ་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་རྒྱལ་འཛིན་རྒྱུག་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཚུ་གི་བར་ན་ བང་རྒྱུག་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ རྒྱ་གར་གྱིས་ གསེར་གྱི་རྟགས་མ་ཐོབ་སྟེ་ དྲག་ཤོས་ཐོན་ཡི།
དེ་ཡང་ ཕོ་སྐྱེས་ཀྱི་ སྡེ་ཚན་ནང་ལས་ རྒྱ་གར་གྱི་ལུས་རྩལཔ་ པར་དིབ་སིང་ ཅའུ་ད་རི་གིས་ དུས་ཡུན་སྐར་མ་༣༤ གི་ནང་འཁོད་ལུ་ རྒྱུག་རྩེད་ཐང་ སྐོར་ཐེངས་༥ འབདཝ་ད་ ཀེ་ལོ་མི་ཊར་༡༠ མཇུག་བསྡུ་མི་ལུ་བརྟེན་ཨིན་པས།
དེ་བཟུམ་སྦེ་ ཨམ་སྲུ་གི་ དབྱེ་ཁག་ནང་ཡང་ རྒྱ་གར་ལས་ ཇ་དེབ་ སཱ་ཇི་བ་ནི་ བ་བུ་རཝ་གིས་ དུས་ཡུན་སྐར་མ་༣༦.༢༠ ནང་ ཀི་ལོ་མི་ཊར་༨ མཇུག་བསྡུ་སྟེ་ གསེར་གྱི་རྟགས་མ་ཐོབ་སྟེ་ དྲག་ཤོས་ཐོན་ཡོད་རུང་ ཨམ་སྲུ་སྡེ་ཚན་དྲག་ཤོས་ཀྱི་ཐད་ཁར་ ཤྲཱི་ལངྐ་གིས་ ཨང་དང་པ་ཐོན་ཡོདཔ་བཞིན་དུ་ རྒྱ་གར་དང་ ནེ་པཱལ་སྡེ་ཚན་གྱིས་ ཨང་དང་པ་དང་༢ པ་ཐོན་ཡི།
དེ་བཟུམ་སྦེ་ ཕོ་སྐྱེས་སྡེ་ཚན་གྱི་ དབྱེ་ཁག་ནང་ལས་ ཤྲི་ལངྐ་དང་ འབྲུག་གིས་ སྡེ་ཚན་དྲག་ཤོས་༢ པ་དང་༣ པའི་ནང་ ཚུད་ཡོད་མི་དེ་ཡང་ རྒྱལ་ཁབ་༢ ཀྱི་ ལུས་རྩལཔ་ཚུ་གིས་ སྡེ་ཚན་གཞན་མི་དང་ཕྱདཔ་ད་ ཧ་སུ་ཅིག་སྦེ་ མཇུག་བསྡུ་མི་ལུ་བརྟེན་ཨིནམ་བཞིན་དུ་ དངུལ་དང་ ལི་གི་རྟགས་མ་ ཐོབ་ཅི།
རྩེད་འགྲན་ནང་ འབྲུག་དང་ རྒྱ་གར་ བང་ལ་དེཤ་ ནེ་པཱལ་ ཤྲཱི་ལངྐ་ དེ་ལས་ མལ་དིབསི་རྒྱལ་ཁབ་ནང་ལས་ ལུས་རྩལཔ་ཕོ་སྐྱེས་༢༥ དང་ ཨམ་སྲུ་༡༦ གིས་ བཅའ་མར་གཏོགས་མིའི་གྲས་ལས་ འབྲུག་རྒྱལ་ཁབ་ནང་ལས་ ལ་ཡ་རྒྱུག་འགྲན་དང་ འབྲུག་རྒྱལ་སྤྱི་དང་ གསེར་ཁྲི་མངའ་གསོལ་གྱི་ བང་རྒྱུག་ནང་ལས་ ཨང་དང་པ་ཐོན་མི་ ཕོ་སྐྱེས་༦ དང་ ཨམ་སྲུ་༤ གིས་ བཅའ་མར་གཏོགས་ཅི།
ལ་ཡ་རྒྱུག་འགྲན་ནང་ལས་ དྲག་ཤོས་ཐོན་མི་ དགའ་བ་བཟང་པོ་གིས་ དུས་ཡུན་སྐར་མ་༣༥.༣༨ ཀྱི་ནང་འཁོད་ལུ་ ཀི་ལོ་མི་ཊར་༡༠ མཇུག་བསྡུ་སྟེ་ དྲག་ཤོས་༡༠ ནང་ ཚུད་ཡོདཔ་བཞིན་དུ་ སངས་རྒྱས་དབང་་ཕྱུག་གིས་ སྐར་མ་༣༥.༢༩ ལུ་ མཇུག་བསྡུ་ཡི།
སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ རྩེད་འགྲན་གྱི་དོན་ལུ་ ཟླཝ་༢ ལས་བརྒལ་ སྦྱང་བ་མ་འབད་ཟེར་ཨིནམ་ད་ རྒྱལ་ཁབ་གཞན་གྱི་ ལུས་རྩལཔ་ཚུ་གིས་ ལོ་༨ ལྷགཔ་ཅིག་ སྦྱང་བ་འབད་ནུག་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ ཁོང་དང་གཅིག་ཁར་ དོ་འགྲན་འབད་དེ་ ལི་གི་རྟགས་མ་ ཐོབ་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
འབྲུག་པའི་ཨམ་སྲུ་ཚུ་གིས་ དྲག་ཤོས་མ་ཐོན་ཏེ་འབད་རུང་ ལུས་རྩལཔ་ཨམ་སྲུ་ག་ར་གིས་ རྩེད་འགྲན་དེ་ མཇུག་བསྡུ་ཡོདཔ་བཞིན་དུ་ ལུས་རྩལཔ་ཨམ་སྲུ་༤ གི་གྲས་ལས་ སྐྱེས་ལོ་༢༢ ལང་མི་ འཆི་མེད་སྒྲོལ་མ་གིས་ ཧེ་མ་ མཇུག་བསྡུ་ཡི།
རྒྱུག་འགྲན་ནང་ འབྲུག་དང་ རྒྱ་གར་ ཤྲཱི་ལངྐ་ དེ་ལས་ མལ་དེབསི་ལས་ སྡེ་ཚན་༤ གིས་མ་གཏོགས་ ནེ་པཱལ་དང་ བང་ལ་དེཤ་ལས་ བཅའ་མར་གཏོགས་མི་ ཨམ་སྲུ་མེདཔ་ཨིན་པས།
རྒྱ་གར་གྱི་ ལུས་རྩལཔ་སློབ་སྟོན་པ་ བི་ཇིན་ཌ་ར་སིང་གིས་ སླབ་མིའི་ནང་ སྡེ་ཚན་དེ་གིས་ རྩེད་འགྲན་ནང་ལས་ དྲག་ཤོས་འཐོབ་ནིའི་ བློ་སྟོབས་ཡོདཔ་བཞིན་དུ་ ད་རེས་ གྲུབ་འབྲས་ཐོན་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ཨིནམ་ད་ རྒྱ་གར་གྱི་ ཨམ་སྲུ་སྡེ་ཚན་ནང་ རྒྱ་ནག་ལུ་ ལྷོ་ཧེ་ཤི་ཡའི་ རྩེད་འགྲན་ཐེངས་༡༤ པའི་ནང་ ལི་གི་རྟགས་མ་ཐོབ་མི་ ཨམ་སྲུ་ཚུ་ཡོདཔ་ཨིན་པས།
ལུས་རྩལ་ཐོག་ལས་ ལུང་ཕྱོགས་རྒྱལ་ཁབ་ཚུ་གི་བར་ན་ མཐུན་ལམ་བཟོ་ནི་ཟེར་བའི་ བརྗོད་དོན་ཐོག་ལུ་ རྒྱུག་འགྲན་འབད་ཡོདཔ་བཞིན་དུ་ དེ་གིས་ ན་གཞོན་ཚུ་ལུ་ཡང་ རྩེད་རིགས་ནང་ སེམས་ཤུགས་བསྐྱེད་ཚུགས་ནི་ཨིན་པས།
ཉིན་གྲངས་༡ གི་ ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཚུ་གི་ ལུས་རྩལཔ་དྲག་ཤོས་ཀྱི་ ལས་རིམ་དེ་ཡང་ འབྲུག་ལུས་རྩལ་ཚོགས་པ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ ད་རེས་ ཚོགས་པ་གིས་ རྒྱལ་སྤྱིའི་ལས་རིམ་ འགོ་འདྲེན་འཐབ་མི་དེ་ འགོ་དང་པ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

དར་ལ་གློག་མེ་ལས་འགུལ་ ཟླཝ་༣ གྱི་རིང་ སྒོ་བསྡམ་བཞག་ནི།

༉ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་འཁྲིལཝ་ད་ ནུས་ཤུགས་མེ་ག་ཝཱཊ་༡༠༢༠ འབད་མི་ དར་ལ་གློག་མེ་ལས་ འགུལ་དེ་ སྤྱི་ཟླ་༡༢ པའི་ཟླ་མཇུག་ལས་ སྤྱི་ལོ་༢༠༢༢ ཀྱི་ ཟླཝ་༣ པའི་ཟླ་མཇུག་ཚུན་ བཅོ་ཁ་རྐྱབ་ནིའི་དོན་ལུ་ སྒོ་བསྡམ་བཞག་ནི་ཨིནམ་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༨༤༠ …

Leave a Reply

Your email address will not be published. Required fields are marked *