འབྲུག་ལུ་ ཐའི་ལེནཌ་གི་ རྒྱལ་བཙུན་མཆོག་གི་ འཁྲུངས་སྟོན་བརྩི་སྲུང་།

༉ ཁ་ཙ་ ཐིམ་ཕུག་བརྒྱ་འཁོར་ཨ་ལོའི་གླིང་ག་ནང་ སྟོན་པའི་སྐུ་བརྙན་གྱི་གདོང་ཁར་ ཐའི་ལེནཌ་གི་རྒྱལ་བཙུན་ མི་དབང་སི་རི་ཀིཊ་ ཀི་ཏི་ཡ་ཀ་ར་མཆོག་ དགུང་ལོ་༨༥ བཞེས་པའི་ འཁྲུངས་སྟོན་བརྩི་སྲུང་གི་དོན་ལུ་ ཌ་ཀ་ལུ་ཡོད་མི་ ཐའི་གི་གཞུང་ཚབ་ལས་ཁང་དང་ ཕྱི་འབྲེལ་ལྷན་ཁག་གིས་ དཀར་མེ་ཕུལ་ཡི།
དེ་བསྒང་ ཐའི་གཞུང་ཚབ་ལས་ཁང་གིས་ སྟོན་པའི་སྐུ་བརྙན་ལུ་ ལོག་ཚོན་གཏང་ནིའི་དོན་ལུ་ རིན་གོང་ཡུ་ཨེསི་ཌོ་ལར་༡,༠༠༠ གནས་པའི་ཚོན་ཚུ་ ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་ལུ་ རྩིས་སྤྲོད་འབད་ཡི།
འབྲུག་གི་དོན་ལུ་ ཐའི་ལེནཌ་གི་གཞུང་ཚབ་ ཨམ་པཱན་པི་མོན་ སུ་ཝ་ན་པོང་སེ་གིས་ བཤད་མིའི་ནང་ ཐའི་ལེནཌི་གི་ རྒྱལ་བཙུན་མཆོག་ དགུང་ལོ་༨༥ བཞེས་པའི་ འཁྲུངས་སྟོན་དེ་ སྟོན་པའི་སྐུ་བརྙན་གྱི་ ས་ཁོངས་ནང་ བརྩི་སྲུང་ཞུ་དགོ་མི་དེ་ཡང་ སྤྱི་ལོ་༢༠༡༢ ཟླ་༢ པའི་ཚེས་༢༡ ལུ་ འབྲུག་མངའ་བདག་རྒྱལ་པོ་མཆོག་གི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་གི་དོན་ལུ་ ཐའི་གི་མི་ཚུ་གིས་ མ་དངུལ་རྒྱབ་སྐྱོར་འབད་ཐོག་ལས་ ཕིཊ་༤༥ འབད་མི་ སངས་རྒྱས་བཞེངས་ཏེ་ཡོད་པའི་ སྐུ་བརྙན་བཞེངས་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
སྟོན་པ་བཞེངས་ཏེ་ཡོད་མི་དེ་གིས་ སངས་རྒྱས་ཞིང་ཁམས་ལས་ འཇིག་རྟེན་ནང་ བྱོན་པའི་སྐབས་ ཕྱག་གཡོནམ་དེ་གིས་ ཁམས་གསུམ་འཁོར་བ་ནང་ཡོད་མི་ འགྲོ་བ་མི་དང་ སེམས་ཅན་ཐབས་ཅད་ ཞི་བདེ་དང་ དགའ་སྐྱིད་ལུ་ གནས་བཅུག་ཟེར་ ཐུགས་སྨོན་གནང་པའི་ ཚུལ་སྟོནམ་ཨིན་ཟེར་ གཞུང་ཚབ་ཀྱིས་ བཤད་ཅི།
མོ་གིས་འབད་བ་ཅིན་ ཐའི་ལེནཌ་དང་ འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ ཟུང་ཕྱོགས་མཐུན་འབྲེལ་དམ་ཟབ་ཡོདཔ་མ་ཚད་ ལམ་ལུགས་སྲོལ་དང་ གནད་དོན་གཞན་མང་རབས་ཅིག་ནང་ ཆ་འདྲ་སུ་སྦེ་ཡོད་ཟེར་ཨིན་པས།
ནང་སྲིད་དྲུང་ཆེན་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ ཐའི་ལེནཌ་གི་ རྒྱལ་བཙུན་མཆོག་ དགུང་ལོ་༨༥ བཞེས་པའི་ འཁྲུངས་སྐར་དུས་སྟོན་ནང་ དཀར་མེ་ཕུལ་ནི་གི་ གོ་སྐབས་ཐོབ་ལས་ སྐལ་བ་བཟང་ཡི་ཟེར་ཨིན་མ་ད་ རྒྱལ་ཁབ་གཉིས་ཆ་ར་ རྒྱལ་བརྒྱུད་རྒྱལ་ཁབ་དང་ རང་བཙན་རྒྱལ་ཁབ་ཨིན་པའི་ཁར་ ཆོས་སྡེའི་སྲོལ་ཁྱུན་ཚུ་ཡང་ འདྲ་སུ་སྦེ་ཡོད་ཟེར་ བཤད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *