འབྲུག་ལུ་ ཀོ་བིཌ་-༡༩ ཐོབ་མི་དང་པ་ ཧི་ཝིཊ་གིས་ མི་དབང་མཆོག་ལུ་ བཀྲིན་དགའ་ཚོར།

༉ ཨེ་མི་རི་ཀ་ལས་ སྐྱེས་ལོ་༧༦ ལང་མི་ བརཊི་ཧི་ཝིཊ་དེ་ ཁོ་ར་དང་ ལོ་ཚད་མཉམ་མི་ཚུ་དང་ཕྱདཔ་ད་ མི་མ་འདྲཝ་ཅིག་ཨིན་པས།

དེ་ཡང་ ཁོ་ར་ ལཱ་མེད་པའི་སྐབས་ ཕྱི་ཁ་ལས་ཕར་ བཤལ་འགྱོ་ནི་དང་ གངས་རི་ཚུ་གུ་འཛེགས་ནི་ དེ་ལས་ ཧི་མ་ལ་ཡའི་ ཚལ་མ་ཚུ་བདའ་སྟེ་ ལམ་འགྱོ་ནི་ལུ་ སྤྲོ་བ་བསྐྱེད་ནི་དེ་གིས་ཨིན་པས།

ན་ཧིང་ སྤྱི་ཟླ་༣ པའི་ནང་  ཧི་ཝིཊ་དང་ ཁོ་རའི་དགའ་རོགས་ སཱན་དི་ཕི་ཤར་༢ འབྲུག་ལུ་ ལ་བཤལ་གྱི་དོན་ལུ་ འོང་ཡོདཔ་ད་ ཁོ་རའི་རྒྱལ་ཁབ་ཀྱི་ ནང་འཁོད་ཡོངས་འབོར་ཐོན་སྐྱེད་དང་ཕྱདཔ་ ཆ་ཤས་ཅིག་ཙམ་ཡང་མེད་མི་ འབྲུག་རྒྱལ་ཁབ་ཀྱིས་ ཁོ་གི་ཚེ་སྲོག་ ཉེན་སྐྱོབ་འབད་ཚུགསཔ་འོང་ཟེར་བའི་ མནོ་བསམ་ར་ མ་བཏངམ་ཨིན་པས།

རྒྱ་གར་བརྒྱུད་དེ་ ཧི་ཝིཊ་དང་ ཁོ་རའི་དགའ་རོགས་ སཱན་དི་ཕི་ཤར་༢ སྤྱི་ལོ་༢༠༢༠ ཟླ་༣ པའི་ཚེས་༢ ལུ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ལྷོད་པའི་སྐབས་ལུ་ ཧི་ཝིཊ་ཁོ་ར་ རྒྱ་གར་ལས་རན་ནི་ འགོ་བཙུགས་པའི་ཤུལ་ལུ་ གཟུགས་ཁམས་བདེ་ཏོག་ཏོ་ཅིག་ མ་སྡོདཔ་ཨིན་པས།

བཟའ་ཁམས་བཀག་མི་ལུ་བརྟེན་ ཁོ་ར་ འབྲུག་ལུ་ ལྷོད་པའི་ནུབ་མོ་ར་ ལྟ་བཤལ་ལམ་སྟོན་པ་དང་ དེད་གཡོགཔ་༢ ཀྱིས་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཁྱིད་སོང་ཡོདཔ་ཨིན་པས།

དེ་བསྒང་ སྨན་ཁང་གི་ ཌོག་ཊར་ཚུ་གིས་ སྨན་བྱིན་ཐོག་ལས་ ལོག་བཏང་པའི་ཤུལ་ལས་ སྤུ་ན་ཁ་ལུ་སོང་སྟེ་ ཐིམ་ཕུག་ལུ་ ལོག་འོངམ་ད་ ཁོ་གི་གནས་སྟངས་དེ་ སྐྱོ་སུ་ཅིག་ལུ་ གྱུར་སོཔ་ཨིན་པས།

ད་རུང་ ལོག་སྨན་ཁང་ནང་སོང་སྟེ་ བརྟག་དཔྱད་འབད་བའི་སྐབས་ ཁོ་ལུ་ ནད་འབུབ་ཀོ་རོ་ན་བའེ་རཱསི་ཡོདཔ་སྦེ་ ངོས་བཟུང་འབད་ཡོདཔ་ལས་ ཧི་ཝིཊ་དེ་ རྒྱལ་ཁབ་ཀྱིས་ ཀོ་བིཌ་-༡༩ ཐོབ་མི་ ནདཔ་དང་པ་སྦེ་ ངོས་འཛིན་འབད་ཡི།

དཔེ་སྟོན་བཟང་པོའི་དབུ་ཁྲིད།

ཧི་ཝིཊ་དེ་ རྒྱལ་ཡོངས་སྨན་ཁང་གི་ ཉལ་ཁྲི་༤ འབད་མི་ རྐྱང་གནས་ནང་ སྤོ་བཤུད་འབད་བའི་ཤུལ་ལས་ མིག་ཏོག་གི་ སྨན་ཁང་ནང་ཡོད་མི་ ཆེ་རིམ་ཅན་བཞག་སའི་ ཁང་མིག་ནང་ སྤོ་བཤུད་འབད་ཡོདཔ་ད་ ཤུལ་ལས་ ཁོ་ལུ་ དམིགས་བསལ་གྱི་ མགྲོན་སྐྱོང་འབད་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་དང་འཁྲིལ་ཏེ་ཨིནམ་ ཤེས་ཅི་ཟེར་ སླབ་ཨིན་པས།

ཁོ་ར་ ཧེ་མ་ལས་ གསོ་བ་དང་འབྲེལ་བའི་ དཀའ་ངལ་ཡོད་པའི་གུ་ ནད་འབུབ་གསརཔ་ ཀོ་བིཌ་-༡༩ ཐོབ་སྟེ་ འབྲུག་ལུ་ ཤི་ནི་གུ་ར་ ཐུག་སོ་ཡི་ཟེར་ ཧི་ཝིཊ་གིས་ དྲན་ཚོར་འབདཝ་ཨིན་པས།

ཧི་ཝིཊ་དེ་ ཁོ་རའི་རྒྱལ་ཁབ་ ཨེ་མི་རི་ཀ་ལུ་ ལེན་མ་འབག་པའི་ཧེ་མ་ ཉིནམ་གྲངས་༣ དེ་ཅིག་གི་རིང་ དྲན་མེད་ཐོག་ ལུས་ཡོདཔ་ཨིན་པས།

སྨན་ཁང་གི་ རྐྱང་གནས་ནང་ སྡོད་པའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཧི་ཝིཊ་གི་ གནས་སྟངས་གཟིགས་ཞིབ་གནང་ཡོདཔ་ལས་ ཁ་རྗེ་ཅན་གྱི་ མི་ཚུ་གི་གྲས་ལས་༡ ཁོ་ར་ཨིན་པས།

ཁོ་གིས་ དྲན་ཚོར་འབད་དེ་ སླབ་མིའི་ནང་ དེ་བསྒང་ ཁོ་བདག་འཛིན་འཐབ་མི་ ཌོག་ཊར་ཅིག་འོང་སྟེ་ ཌོག་ཊར་ཁོ་ར་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཁོ་བལྟ་དགོཔ་སྦེ་ དམིགས་བསལ་གྱི་ བཀའ་གནང་གནངམ་ཨིན་ཟེར་ སླབ་དེས་ཟེར་ཨིན་པས།

གནས་ཚུལ་དེ་ གོ་བའི་སྐབས་ ཁོ་ར་ སྨན་བཅོས་སྡེ་ཚན་ རྐྱངམ་གཅིག་མེན་པར་ མི་དབང་མངའ་བདག་རིན་པོ་ཆེ་སྐུ་ཉིད་ཀྱིས་ བདག་འཛིན་འཐབ་གནང་དོ་ཡོད་པའི་སྐོར་ ཤེས་ཡོདཔ་ལས་ ཁོ་ར་ལུ་ བློ་སྟོབས་སྦོམ་སྦེ་ར་ ཐོབ་ཅི་ཟེར་ བཤདཔ་ཨིན་པས།

དེ་མ་ཚད་ ཁོ་ར་ སྨན་ཁང་ནང་ སྡོད་པའི་སྐབས་ མི་དབང་མཆོག་གིས་ ཁོ་ལུ་ དོརམ་གཉིས་དང་ མལ་ཆ་ ཧང་ཁེབས་ དེ་ལས་ དེ་ཚེ་ མེན་ཅེསི་ཊར་ ཡུ་ནའེ་ཊེཊི་གི་ ཕུཊ་བཱོལ་རྩེད་འགྲན་འབད་མི་དེ་ ལྟདམོ་བལྟ་བཅུག་ནིའི་དོན་ལུ་ རྒྱང་མཐོང་ཊི་བི་ཅིག་ཡང་ བསྐྱལ་གནང་ནུག་ཟེར་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཧེ་མ་ལས་ ངོ་མ་ཤེས་པའི་ ནདཔ་ཅིག་ལུ་ སྐུ་དངོས་སྦེ་ གཟིགས་ཞིབ་གནང་མི་དེ་ ཧེ་མ་ལས་ བྱུང་མ་མྱོང་བའི་ ཉམས་མྱོང་ཅིག་ཨིནམ་ད་ ནད་ཡམས་བཀག་ནི་ནང་ཡང་ མི་དབང་མཆོག་གིས་ གྲལ་གཏོགས་མཛད་མི་དེ་ འཛམ་གླིང་ནང་ དབུ་ཁྲིད་པའི་ དཔེ་སྟོན་བཟང་པོ་ཅིག་ཨིན་པས་ཟེར་ ཧི་ཝིཊ་གིས་ བཤདཔ་ཨིན་མས།

ད་རེས་ མི་དབང་མངའ་ཞབས་མཆོག་ གུང་ལོ་༤༡ བཞེས་པའི་ ཉིནམ་འདི་ནང་ ཁོ་རའི་ཧོངས་ལས་ འཁྲུངས་སྟོན་གྱི་ བཀྲིས་ལེགས་སྨོན་ཕུལ་ནི་དང་ ཁོ་ར་ལུ་ སྨན་བཅོས་འབད་མི་ གསོ་བའི་ལས་བྱེདཔ་ཚུ་ལུ་ཡང་ ཧིང་དྭངས་བའི་དཀྱིལ་ལས་ར་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ ཧི་ཝིཊ་གིས་ རྒྱང་མཐོང་ཡོངས་འབྲེལ་ཐོག་ལས་ ཀུན་གསལ་ལུ་ བཤདཔ་ཨིན་པས།

ད་རེས་ ཧི་ཝིཊ་ཁོ་ར་ ནད་འབུབ་ལས་ ལེགས་ཤོམ་སྦེ་ དྲག་ཡོདཔ་བཞིན་དུ་ དུས་ཐེབས་སྐབས་ བཟོ་བོ་གི་ལཱ་རེ་འབད་དེ་ སྡོད་དོ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།


བརཊི་ཧི་ཝིཊ་དང་ ཁོ་གི་དགའ་རོགས་ སཱན་དི་ཕི་ཤར་༢ འབྲུག་ལུ་ མ་འོང་པའི་ཧེ་མར་ རྒྱ་གར་ཨ་སམ་མངའ་སྡེ་ནང་ ལྟ་སྐོར་འབད་ནུག།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *