འབྲུག་ལུ་ཡོད་མི་ རྒྱ་གར་གྱི་ མི་སྡེ་གིས་ རྒྱལ་ཁབ་རང་དབང་གི་ ཉིནམ་བརྩི་སྲུང་།

༉ ཁ་ཙ་དྲོ་པར་ རྒྱ་གར་རྒྱལ་ཁབ་རང་དབང་ཐོབ་སྟེ་ ལོ་ངོ་༧༦ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུཝ་དང་འབྲེལ་ འབྲུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ ཐིམ་ཕུག་རྒྱ་གར་གཞུང་ཚབ་ལས་ཁང་ནང་ གཞུང་ཚབ་གསརཔ་ སུ་དཱ་ཀར་ ད་ལི་ལ་གིས་ འགོ་ཁྲིད་ཐོག་ལས་ བརྩི་སྲུང་འབད་ནུག།
དུས་སྟོན་ཐེངས་༧༥ པ་དེ་ཡང་ རྒྱ་གར་གྱི་ རྒྱལ་དར་འཕྱར་ཐོག་ལས་ རྒྱལ་ཡོངས་བརྟན་བཞུགས་ཕུལ་བའི་ཤུལ་ལས་ གཞུང་ཚབ་ད་ལི་ལ་གིས་ རྒྱ་གར་གྱི་སྲིད་འཛིན་ ཨམ་དྲཝ་པ་ཌི་ མུར་མུ་མཆོག་གི་ གསུང་བཤད་ལས་ བཅུད་བསྡུ་སྟེ་ ལྷག་ཕུལ་ཡོདཔ་ད་ རྒྱ་གར་གྱི་ རང་དབང་གི་ཉིནམ་ དུས་དྲན་ཐེངས་༧༦ པ་དེ་ དུས་ཅི་ སྤྱི་ཟླ་༣ པ་ལས་ བརྩི་སྲུང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དུས་སྟོན་སྐབས་ གཞུང་ཚབ་ད་ལི་ལ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ མཐུན་མོང་མ་ཡིན་པའི་ མཛའ་བཤེས་མཐུན་ལམ་དང་ མཉམ་འབྲེལ་དམ་ཟབ་སྦེ་ གནས་ཡོདཔ་བཞིན་དུ་ མཛའ་བཤེས་མཐུན་ལམ་དེ་ཡང་ རྒྱལ་རབས་ཅན་ཅིག་ཨིན་པའི་ཁར་ གནས་རིམ་ཆ་མཉམ་ལས་ ལེགས་སྨོན་དང་ ཕན་ཚུན་གྱི་བློ་གཏད་ དེ་ལས་ གོ་བརྡའི་ཐོག་ལུ་ རྒྱབ་སྐྱོར་སྒྲིང་སྒྲི་འབད་དེ་ཡོད་ཟེར་ བཤད་ཡོདཔ་ཨིན་པས།
གཞུང་ཚབ་ཀྱིས་འབད་བ་ཅིན་ རྒྱ་འབྲུག་གི་ མཉམ་འབྲེལ་དམ་ཟམ་གྱི་ གཞི་འགྱམ་སྒྲིང་སྒྲི་ཡོད་མི་གུ་ གཞི་བཟུང་སྟེ་ ལཱ་གཅིག་ཁར་ འབད་ནི་ཨིནམ་མ་ཚད་ དུས་ཚོད་དང་འཁྲིལ་བྱུང་མི་ གོ་སྐབས་གསརཔ་དང་ གདོང་ལེན་ཚུ་ལུ་ ངོས་ལེན་འབད་ནིའི་དོན་ལས་ སྡེ་ཚན་ཚུ་ལས་བརྒལ་ཏེ་ ལྷག་པར་དུ་ མདུན་སྐྱོད་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་འོང་ཟེར་ཨིན་པས།
གཞུང་ཚབ་སུ་དཱ་ཀར་ ད་ལི་ལ་དེ་ འདས་པའི་བདུན་ཕྲག་ནང་ འབྲུག་ལུ་ རྒྱ་གར་གྱི་ གཞུང་ཚབ་གསརཔ་སྦེ་ མ་ལྷོད་པའི་ཧེ་མར་ ཨེ་མི་རི་ཀའི་རྒྱལ་ས་ ཝ་ཤིང་ཊཱོན་ཌི་སི་ལུ་ རྒྱ་གར་གཞུང་ཚབ་ལས་ཁང་ནང་ སྲིད་འབྲེལ་འགན་འཛིན་པ་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ ཅི་ཀ་གོ་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་དོན་གཅོད་ཡོངས་ཁྱབ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
རྒྱ་གར་རྒྱལ་ཁབ་རང་དབང་ཐོབ་པའི་ ཉིནམ་བརྩི་སྲུང་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་ཚབ་སྦེ་ རྒྱལ་པོའི་གཟིམ་དཔོན་ ཨོ་རྒྱན་ཀེ་རྣམ་རྒྱལ་དང་ གཞུང་གི་ཁ་ཐུག་ལས་ ཕྱི་འབྲེལ་དྲུང་ཆེན་ པདྨ་ཆོས་སྒྲོན་ དེ་ལས་ གཞུང་གི་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འབྲུག་དང་རྒྱ་གར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་ལམ་དེ་ སྤྱི་ལོ་༡༩༦༨ ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ རྒྱ་གར་གྱི་ གཞུང་ཚབ་ལས་ཁང་དེ་ཡང་ ཐིམ་ཕུག་ལུ་ སྤྱི་ལོ་༡༩༦༨ ཟླ་༥ པའི་ཚེས་༡༤ ལུ་ འགོ་འབྱེད་འབད་ནུག།
རྒྱ་གར་རྒྱལ་ཁབ་དེ་ འབྲུག་གི་དོན་ལུ་ གོང་འཕེལ་གྱི་ མཉམ་རོགས་གཙོ་ཅན་ཅིག་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *